ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཀྭ་ཀྲོའུ་བོད་རིགས་ས་ཆའི་མྱ་ངམ་ཐང་སྔོ་ལྗང་རྩི་ཤིང་གིས་བརྒྱན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལོ་11གི་གོང་། ང་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་ནས་འདི་གར་སྤོ་དུས་གྲོང་རྡལ་དང་ས་ཞིང་གི་མཐའ་འཁོར་དུ་ལྗོན་ཤིང་གཅིག་ཀྱང་མེད་པ་དང་། གསར་སྦོལ་བྱས་པའི་ཞིང་ས་མཁྲེགས་ལ་སྐམ་ཤས་ཆེ་བས་ལོ་ཏོག་སྐྱེ་དཀའ་ཞིང་རྩི་ཤིང་གང་ཡང་མེད་པ་དང་ཉིན་གཉིས་གསུམ་ལ་རླུང་འཚུབ་ལྡང་ནས་ས་རྡུལ་གྱིས་ནམ་མཁའ་བསྒྲིབས་ཏེ་ཉིན་གཉིས་གསུམ་སྒོ་ཕྱིར་དོན་ཐབས་བྲལ”ཅེས་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཀྭ་ཀྲོའུ་རྫོང་ཀོང་ཀྲི་བོད་རིགས་ཤང་ཤིན་པའོ་གྲོང་ཚོའི་གྲོང་མི་སུན་ཀ་པའོ་ཡིས་བཤད།

ཀོང་ཀྲི་བོད་རིགས་ཤང2008ལོར་བཙུགས་པ་དང་དེ་ནི་དབྱིན་ཐའོ་ལས་གྲྭ་ཅིའུ་ཏེན་འགག་ཁུལ་གྱི་ཕྱིར་སྤོས་ཡུལ་མི་གཅིག་སྡུད་བཀོད་སྒྲིག་བྱས་པའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཤང་གྲོང་ཞིག་རེད། དེ་གར་ཅིའུ་ཏེན་འགག་ཁུལ་གྱི་རྫོང་གསུམ(ཅོ་ནེ་རྫོང་། བ་ཙེ་རྫོང་། མིན་རྫོང)གྱི་གནས་སྤོས་ཡུལ་མི་དུད་ཚང1936གི་མི9193བཀོད་སྒྲིག་བྱས་པ་རེད།

སུན་ཀ་པའོ་ཡིས་ཁོར་ཡུག་ལེགས་སུ་གཏོང་ཆེད་ཕྱིས་སུ་སྲིད་གཞུང་གི་ཁྲིད་སྟོན་ལ་བརྟེན་ནས་དུད་ཁྱིམ་ཀུན་གྱིས་རྩྭ་རྩི་ཤིང་བཏབ་པ་དང་། ལོ10ལྷག་གི་རིང་འབད་བརྩོན་བྱས་པས་ང་ཚོས་རླུང་འགོག་ནགས་ཚལ་དང་། ཞིང་སའི་སྲུང་སྐྱོང་ནགས་ཚལ། ལྗང་མདོག་བགྲོད་ལམ་བཅས་འཛུགས་སྐྱོང་བྱས་ཏེ་སྣོད་བཅུད་ཇེ་ལེགས་སུ་སོང་བས་རི་བྱ་དང་རི་བོང་སོགས་གང་སར་མཐོང་རྒྱུ་ཡོད་ཅེས་བརྗོད།

ཉེ་བའི་ལོ་ཤས་རིང་། ཡུལ་དེ་གས་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་། “གསང་སྤྱོད་གསར་བརྗེ” ས་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི་ཆེད་དོན་བཅོས་སྐྱོང་སོགས་ཀྱི་ལས་དོན་གང་ལེགས་བསྒྲུབས་ནས་ཤང་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་གི་ཞབས་ཞུའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། གད་སྙིགས་གཙང་སེལ་དང་དབོར་འདྲེན་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་ཤང་གྲོང་གི་ནུས་རྒྱུ་གཙང་མའི་དྲོད་འདོན་རྣམ་གྲངས་ཐོག་མ་བསྐྲུན་པ་རེད།

“སྔོན་ཆད་ཁྱིམ་གྱི་གསང་སྤྱོད་ལ་ཆུ་མེད་པས་ལུད་འདོན་དཀའ་བ་དང་དྲི་ངན་གང་སར་འཐུལ་ཞིང་། དབྱར་ཁ་སྐྱག་སྦྲང་གིས་ཁེངས་པ་དང་དགུན་ཁར་གྲང་ངར་ཧ་ཅང་ཆེ། ད་ཆ་གྲོང་རྡལ་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་བརྒྱབ་པ་དང་མདོང་ལམ་དག་གྲོང་རྡལ་དང་ཉེ་འཁོར་གྲོང་ཚོ་ཁག་ཏུ་ཁྱབ་པར་བརྟེན་ཁྱིམ་དུའང་ཆུ་བཤལ་གྱི་གསང་སྤྱོད་ཡོད། ཆུས་བཤལ་ན་གཙང་མར་འགྱུར་བས་དྲི་ངན་ཡང་མེད་པ་དང་བཙོག་ཆུ་གཙང་གསིང་བཟོ་གྲྭར་བཞུར་བ་དང་གཙང་གསིང་བྱས་རྗེས་ཀྱི་ཆུ་ལྗོན་ཤིང་ལ་གཏང་ཆོག་གི་ཡོད། དངོས་གནས་ཡག་པོ་འདུག”ཅེས་ཀྭ་ཀྲོའུ་རྫོང་ཀོང་ཀྲི་བོད་རིགས་ཤང་ཤིན་པའོ་གྲོང་ཚོའི་གྲོང་མི་སུང་ཧྥུའུ་ཧོས་བཤད།

མི་ལོ11རིང་གི་འཕེལ་རྒྱས་བརྒྱུད་ཤང་དེའི་ཡུར་བུ་དང་། ལམ། ནགས་ཚལ། ཞིང་ས་སོགས་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སྨན་བཅོས། དངུལ་རྩ། གློག་ཤུགས། འཕྲིན་གཏོང་། ཟོག་འགྲེམས། ཆུ་བེད། སྤྱི་ཚོགས་དོ་དམ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་ཡོངས་འཐུས་སྒོ་ཚང་དུ་བཏང་ཁར་གཉེར་སྐྱོང་ཡག་པོ་ཡོད། 2017ལོར་ཀོང་ཀྲི་བོད་རིགས་ཤང་ཀན་སུའུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཤང་གྲོང་དང་གྲོང་ཁྱེར་ཡོངས་ཀྱི་ཤེས་དཔལ་ཤང་གྲོང་དུ་བདམས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།