ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་དཔེ་ཁང་གི་སྒོ་འབྱེད་པའི་དུས་ཚོད་ཇེ་རིང་དུ་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕྱིར་ཕ་ཡུལ་དུ་ལོག་པའི་རོང་འབྲོག་མང་ཚོགས་དང་སློབ་མའི་དགུན་གནང་སྐབས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་དཔེ་ཁང་གི་སྒོ་འབྱེད་ཡུན་ཇེ་རིང་དུ་གཏོང་རྒྱུ་རེད་ཟེར།

ལུགས་རྙིང་ལོ་སར་སྐབས་སུ། ཕྱིར་ཞོར་ལས་སུ་སོང་བའི་ཞིང་བ་ཞོར་ལས་པ་དང་དགུན་གནང་བཏང་བའི་སློབ་མ་རྣམས་ཕྱིར་ཕ་ཡུལ་དུ་ལོག་ཡོད་ལ། དེ་ཚོར་ཁོམ་ལོང་གི་དུས་ཚོད་མང་ཞིང་རིག་གནས་ཐད་ཀྱི་དགོས་མཁོ་ཆེ་བས། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་དཔེ་ཁང་གི་སྒོ་འབྱེད་པའི་དུས་ཚོད་གཟའ་འཁོར་རེར་ཉིན་ལྔ་ལས་མི་ཉུང་བ་དང་། ཉིན་རེར་དུས་ཚོད་བཞིའི་ཡན་ལ་སྒོ་འབྱེད་དགོས་པ་དང་། ད་དུང་ས་གནས་དེའི་གནས་ཚུལ་དང་ཀློག་པ་པོའི་དགོས་མཁོ་གཞིར་བཟུང་ནས། སྒོ་འབྱེད་པའི་དུས་ཚོད་ཇེ་རིང་དུ་བཏང་སྟེ། དཔེ་ཀློག་ལ་སྤྲོ་བའི་ཀློག་པ་པོ་ཚོས་དཔེ་ཁང་ནས་དཔེ་ཆ་གཡོར་ཐུབ་པ་དང་དཔེ་ཆར་བལྟ་ཐུབ་པར་བྱས་ནས། རོང་འབྲོག་ཁྱིམ་དཔེ་ཁང་དེ་ཞིང་སྡེའི་ན་ཆུང་བྱིས་པ་ཚོའི་སློབ་སྦྱོང་བྱེད་ས་གཉིས་པ་དང་དགུན་གནང་སྐབས་ཀྱི་སྤྲོ་སྐྱིད་ར་བར་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནས་ཟླ་གསུམ་པའི་ཚེས་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་ད་དུང་ཞིང་ཆེན་ཡོངས་ནས་རྩོམ་སྒྲིག་པ་རོང་འབྲོག་ཁྱིམ་དཔེ་ཁང་དུ་སོང་ནས་རོང་འབྲོག་དམངས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ་དང་དཔེ་ཆ་རྩོམ་སྒྲིག་བྱེད་པ་སོགས་བྱེད་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། བྱ་འགུལ་གྱི་ནང་དོན་ཐད་ནས་དཔེ་ཆའི་རྩོམ་སྒྲིག་པ་དཔེ་ཁང་དུ་སོང་ནས་རོང་འབྲོག་དམངས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ་མ་ཟད། མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བ་དང་རོང་འབྲོག་མང་ཚོགས་ཀྱི་ལྟ་ཀློག་བྱེད་པར་འཚམ་པའི་དཔེ་ཆ་སྐོར་ཞིག་རྩོམ་སྒྲིག་དང་པར་སྐྲུན་བྱེད་པ་དང་། དཔེ་ཆ་འགྲེམ་སྤེལ་མི་སྣས་ཡུལ་དངོས་ནས་རོང་འབྲོག་ཁྱིམ་དཔེ་ཁང་གི་དཔེ་ཆ་དཔེ་སྒྲོམ་ནང་འཇོག་པ་དང་། རིགས་བགར་བ། དཔེ་གཡར་མིང་ཐོ་འགོད་པ་སོགས་ཀྱི་བྱ་བར་མཛུབ་སྟོན་དང་གསོ་སྦྱོང་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་རྫོང་སོ་སོའི་ཞིན་ཧྭ་དཔེ་འཚོང་ཁང་གིས་རིན་གོང་བདེ་བའི་དཔེ་ཆ་རོང་འབྲོག་ཁྱིམ་གྱི་སྒོ་ཁར་སྐྱེལ་ནས་བཙོང་བ། སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་སྦྱོང་ཡོ་བྱད་སྟེར་བ། ཞིང་ཆེན་ནང་ཁུལ་གྱི་ཡིག་གཟུགས་མཁན་པོ་མིང་གྲགས་ཅན་གྱིས་སྡེ་དམངས་ཚོར་ཡུལ་དངོས་ནས་ལོ་སར་གྱི་ཆ་ཡིག་འབྲི་བ་སོགས་འདུ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།