པདྨ་རྫོང་གིས་ཐོན་ལས་ཅན་གྱི་དབུལ་སྐྱོར་ལ་བརྟེན་ནས་རོང་འབྲོག་མི་དམངས་ཕྱུག་འགྱུར་གྱི་ལམ་ལ་ཁྲིད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་ཐབས་དང་། དམངས་ཚིས་ལེགས་བཅོས་ལ་འགན་སྲུང་གང་ལེགས་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། ནན་ནན་ཏིག་ཏིག་ངང་དབུལ་ཐར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་ཞིང་། ཐོན་ལས་ཅན་གྱི་དབུལ་སྐྱོར་དེ་དབུལ་སྐྱོར་བྱ་བའི་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། སྲིད་གཞུང་གི་རོགས་འདེགས་དང་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་གཉིས་ཟུང་དུ་སྦྲེལ་བའི་བྱེད་ཐབས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གནད་འགག་དམ་འཛིན་དང་གནད་ཕིགས་ངོས་འཛིན། གནད་ཕིགས་སྟོབས་སྣོན་བཅས་བྱས་པར་མ་ཟད། གནད་ཕིགས་དབུལ་སྐྱོར་བྱ་བ་ནན་ནན་ཏིག་ཏིག་ངང་སྤེལ་ནས། སྡེ་བ་གཅིག་ལ་མིང་གྲགས་ཐོན་རྫས་གཅིག་དང་སྡེ་བ་གཅིག་ལ་ཁྱད་ཆོས་ཡན་གར་བ་གཅིག་རེ་ཡི་བྱ་བའི་བསམ་ཕྱོགས་ལྟར། དེང་རབས་ཐོན་ལས་དབུལ་སྐྱོར་དང་དེང་རབས་ཚན་རིག་ལག་རྩལ་ལ་བརྟེན་ནས། བར་མ་ཆད་པའི་སྒོ་ནས་དབུལ་སྐྱོར་གྱི་རུ་འདྲེན་ཐོན་ལས་སྟོབས་ལྡན་ཅན་དུ་བསྒྱུར་མཐར། དབུལ་སྐྱོར་ཕན་འབྲས་སྔར་ལས་སྲ་བརྟན་ཅན་དུ་བཏང་།

གཅིག་ནས་པདྨ་རྫོང་བོད་ཇའི་ཐོན་ཁུངས་ཀྱི་ཁྱད་འཕགས་དགེ་མཚན་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་སྡེ་བར་བོད་ཇ་འདེབས་འཛུགས་བྱ་བ་རྒྱ་བསྐྱེད་དེ། བར་མ་ཆད་པའི་ངང་ནས་བོད་ཇ་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྔར་ལས་ཇེ་ཆེར་བཏང་བར་མ་ཟད། མིང་གྲགས་ཐོན་རྫས་གཉེར་བའི་བྱ་བ་ཡར་ལྡན་དུ་སྤེལ། གཉིས་ནས་རྣམ་པ་གསར་བའི་རོང་འབྲོག་མི་དམངས་ལ་ཟབ་སྦྱོང་བསྒྲུབས་ནས། ཤིང་བཟོ་དང་འཇིམ་བཟོ། འཕྲུལ་རྟ་ཞིབ་གསོ། གཡོས་སྦྱོར་སོགས་ལག་རྩལ་ཟབ་སྦྱོང་སྐབས་གསུམ་ལ་བསྡུས་ཏེ། མི་ང་ལྔ་ཐད་ཀར་ཟབ་སྦྱོང་དུ་ཞུགས་ཤིང་། དེས་མི་སུམ་བརྒྱ་ལྷག་ལ་དངོས་སམ་བརྒྱུད་པའི་སྒོ་ནས་ཤུགས་རྐྱེན་བཟོས་པར་མ་ཟད། དབུལ་ཕོངས་སྡེ་བའི་རོང་འབྲོག་མི་དམངས་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་བ་ལས་གཞན། ཕྱུག་འགྱུར་གྱི་ནུས་པ་མངོན་གསལ་ཇེ་དྲག་ཏུ་བཏང་། གསུམ་ནས་སྔོ་ཚོད་འདེབས་འཛུགས་རྟེན་གཞི་གཉེར་ཏེ། ལོ་རེར་ཡོང་འབབ་སྒོར་འབུམ་གསུམ་བསྐྲུན་དེ། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་བཅུ་བདུན་གྱི་མི་གྲངས་བཞི་བརྒྱ་དོན་བརྒྱད་ལ། ཆ་སྙོམས་མི་རེར་སྒོར་དྲུག་བརྒྱ་ཉེར་བདུན་གྱིས་ཕན་འདོགས་ཀྱིན་ཡོད། བཞི་ནས་སྡི་མདའ་ཞང་རིན་ཆེན་སྒང་སྡེ་བ་རུ་ཞོག་ཁོག་འདེབས་འཛུགས་རྟེན་གཞི་ཆེ་གྲས་ཤིག་གཉེར་ནས། ལོ་རེར་ཡོང་སྒོ་སྒོར་འབུམ་བཞི་བསྐྲུན་དེ། ཡིག་ཚགས་བྱང་བུ་བཟོས་དབུལ་ཕོངས་ཁྱིམ་ཚང་ཞེ་གཅིག་གི་མི་གྲངས་བརྒྱ་དང་ང་གསུམ་ལ། ཆ་སྙོམ་མི་རེར་སྒོར་སྟོང་གཉིས་དང་དྲུག་བརྒྱ་བཅུ་བཞིས་ཕན་ཁེ་བསྐྲུན། ལྔ་ནས་སྐྱིད་མཁར་ཞང་དང་གྲུབ་ཆེན་ཞང་གཉིས་སུ་རྒྱན་གོས་ལས་སྣོན་ཐོན་ལས་བཙུགས་ཡོད། མིག་སྔར། ལས་སྣོན་སྒྲིག་ཆས་ཉོས་ནས་བཀོལ་བཞིན་ཡོད་ཅིང་། དེས་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གསུམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་ཅིང་། ཐོན་ལས་དེས་ལོ་རེར་ཡོང་འབབ་སྒོར་འབུམ་བཞི་བསྐྲུན་དེ། ཞང་གཉིས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་སུམ་བརྒྱ་གོ་་གཅིག་ལ། ཆ་སྙོམས་ཡོང་འབབ་སྒོར་ལྔ་བརྒྱ་དང་བཅུ་གཉིས་བསྐྲུན། དྲུག་ནས་སྨར་ཁོག་ཞང་དུ་སྐྱེ་ཁམས་ཕྱུག་ལས་དབུལ་སྐྱོར་མཉམ་ལས་ཁང་ཞིག་བཙུགས་ཡོད་ཅིང་། དེས་ལོ་རེར་ཡོང་འབབ་སྒོར་འབུམ་དྲུག་བསྐྲུན་དེ། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཉེར་ལྔའི་མི་གྲངས་གྱ་བདུན་ལ། ཆ་སྙོམས་ཡོང་འབབ་སྒོར་ཆིག་སྟོང་ཉིས་བརྒྱ་བསྐྲུན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།