མཚོ་ནུབ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་ལོ་ཆུང་གི་ཁྲིམས་ལུགས་ཤེས་བྱའི་འགྲན་སྡུར་སྐབས་ལྔ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གུང་གཞོན་ཚོགས་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་ལོ་ཆུང་གི་ཁྲིམས་ལུགས་ཤེས་བྱའི་འགྲན་སྡུར་སྐབས་ལྔ་བ་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་གཏེར་ལེན་ཁ་གྲོང་རྡལ་ནས་བསྡུས། མཚོ་ནུབ་ཁུལ་གྱི་ས་ཁུལ་སོ་སོ་ནས་ཡོང་བའི་དགེ་སློབ་འཐུས་ཚབ་པ་ཉིས་བརྒྱ་དང་བརྒྱད་ཅུ་ལྷག་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་ཟླ་བཅུ་བའི་ཟླ་མཇུག་ཏུ་སྤེལ་མགོ་བརྩམས་པ་དང་། མཚོ་ནུབ་ཁུལ་གྱི་སློབ་གྲྭ་སུམ་ཅུ་ལྷག་གི་འགྲན་ཞུགས་པ་ལྔ་བརྒྱ་ལྷག་འགྲན་སྡུར་ལ་ཞུགས། འགྲན་སྡུར་གྱི་ནང་དོན་ཁྲོད་དུ་རྩ་ཁྲིམས་དང་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བཅའ་ཁྲིམས། ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་རྒྱུན་ཤེས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཅས་འདུ། འགྲན་ཞུགས་མི་སྣས་མི་སྒེར་གྱི་དྲི་བ་དང་། ཐུན་མོང་གི་དྲི་བ་སོགས་དྲི་བ་སྣ་བཞིར་ལན་འདེབས་པ་བརྒྱུད་དེ་འགྲན་སྡུར་སྤེལ། བྱ་འགུལ་ཁྲོད། ད་དུང་ཡུལ་དངོས་ནས་ལྟད་མོ་བར་བསམ་བློ་བརྗེ་རེས་བྱེད་པ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་ལུགས་རྒྱུན་ཤེས་དང་ཞིང་ཆེན་གྱི་གནས་ཚུལ་དང་མཚོ་ནུབ་ཁུལ་གྱི་གནས་ཚུལ་ཐད་ཀྱི་དྲི་བར་ལན་འདེབས་པ་བརྒྱུད་དེ། རྒྱ་ཆེའི་ན་གཞོན་ལོ་ཆུང་གི་ཁྲིམས་ལུགས་ཤེས་བྱ་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་མཐོར་བཏང་།

མཚོ་ནུབ་ཁུལ་གྱི་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་ལུགས་བྱང་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཏེ། ན་གཞོན་ལོ་ཆུང་ཚོའི་རང་རྟོགས་སྒོས་ཁྲིམས་བརྩི་སྲུང་བྱེད་པ་དང་ཁྲིམས་ལུགས་སློབ་སྦྱོང་བྱེད་པ། ཁྲིམས་བཀོལ་སྤྱོད་བྱེད་པའི་གོམས་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད། མིག་སྔའི་བར་དུ། མཚོ་ནུབ་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཡོངས་སུ་ཁྲིམས་ལུགས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པ་དང་། གྲོང་རྡལ་གྱི་སློབ་གྲྭ་འབྲིང་ཆུང་ཡོངས་དང་ཞིང་སྡེའི་སློབ་གྲྭ་འབྲིང་ཆུང་བརྒྱ་ཆའི་གོ་ལྔ་རུ་ཁྲིམས་སྐྱོང་སློབ་གཙོ་གཞོན་པ་བསྐོ་འཇོག་བྱས་ནས། ན་གཞོན་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་དང་ཁྲིམས་ལུགས་སློབ་གསོའི་དྲིལ་སྒྲོག་གྲུབ་འབྲས་ལོ་རེ་བཞིན་ཇེ་མཐོར་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།