དངོས་བཤུས་གློག་བརྙན《མཚོ་སྔོན་གྱི་ཐུག་པའི་གཏམ་རྒྱུད》ཕབ་སྐྲུན་བྱེད་འགོ་བརྩམས་པ།

13.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12བའི་ཚེས10ཉིན། དངོས་བཤུས་གློག་བརྙན་མཚོ་སྔོན་གྱི་ཐུག་པའི་ཕབ་སྐྲུན་མཛད་སྒོ་དེ་མཚོ་ཤར་གྲོང་ཁྱེར་ནས་བསྡུས།

ཞ་མོན་གྲོང་ཁྱེར་ནས་དར་བའི་མཚོ་ཤར་ཐུག་པའི་དཔལ་འབྱོར་དེ་དུས་ཡུན་ལོ་ངོ20རིང་གསོ་སྐྱོང་དང་འཕེལ་རྒྱས་བྱུང་བ་བརྒྱུད། མིག་སྔར་རང་རྒྱལ་གྱི་ཤར་དབུས་རྒྱུད་དང་མཚོ་འགྲམ་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་། ས་ཁུལ་བཅས་ལ་ཁྱབ་ཡོད་པ་མ་ཟད། ལྷག་པར་དུ་པེ་ཅིན་དང་ཧྲང་ཧའེ། ཀོང་ཏུང་། ཀྲེ་ཅང་། ཅང་སུའུ། ཝུའུ་ཧན། ཧྲན་ཞི། ཧི་ནན་སོགས་ས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ། 2015ལོའི་ལོ་མཇུག་བར་དུ། མཚོ་ཤར་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཆུང270ལྷག་ནས་ཐུག་པའི་ཟ་ཁང་ཁྲི2.4ཕྱེས་ཡོད་ལ་ལས་ཞུགས་མི་གྲངས་ཁྲི16ལྷག་དང་། ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར115སྐྲུན་པ་དང་ཡོང་སྒོ་རྐྱང་བ་སྒོར་དུང་ཕྱུར35ཡོད་པས་ལས་ཞུགས་པའི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར་དུང་ཕྱུར4102ལ་སླེབས་ཡོད། རྩོལ་ལས་ཀྱིས་ཡོང་འབབ་བསྐྲུན་མཁན་གྱི་དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་གི་ཐུག་པའི་དཔལ་འབྱོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱིས་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བའི70%ཡན་ཟིན་ཡོད།

མཚོ་ཤར་གྲོང་ཁྱེར་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཡུང་ཞིན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐུག་པའི་དཔལ་འབྱོར་ཀྱི་འཕེལ་རྒྱས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་གདོང་ལེན་བྱེད་ཕོད་པ། ལས་སྐྲུན་ཕྱུག་བསྒྱུར་གྱི་སྙིང་སྟོབས་མངོན་པར་མཚོན་ཐུབ་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་སོ་སོའི་སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དམིགས་བསལ་རོགས་སྐྱོར་བྱས་པ་མངོན་པར་མཚོན་ཡོད། དངོས་བཤུས་གློག་བརྙན《མཚོ་སྔོན་གྱི་ཐུག་པའི་གཏམ་རྒྱུད》ཀྱིས་མཚོ་ཤར་ཐུག་པའི་དཔལ་འབྱོར་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མདུན་ལྗོངས། མཚོ་ཤར་མང་ཚོགས་ཀྱི་ལས་སྐྲུན་སྙིང་སྟོབས་དང་སྒོ་འབྱེད་སྙིང་སྟོབས། མི་རིགས་སྙིང་སྟོབས། མཐོ་སྒང་སྙིང་སྟོབས་བཅས་དྲིལ་སྒྲོག་བྱེད་ཐུབ་པ་མ་ཟད། ད་རུང་སྔར་ལས་ལྷག་པའི་སྒོ་ནས་ཐུག་པའི་དཔལ་འབྱོར་གྱི་ཤུགས་རྐྱེན་ནུས་པ་དང་མཚན་སྙན་རྒྱ་བསྐྱེད་དེ། ཐུག་པའི་དཔལ་འབྱོར་གྱི་ཁྱབ་རྒྱ་དང་སྤོ་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་མཚོ་ཤར་གྱི་སྣང་བརྙན་མཚམས་སྦྱོར་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། དངོས་བཤུས་གློག་བརྙན་འདིའི་རིང་ཚད་ལ་སྐར་མ90དང་ལེའུ་གཉིས་སུ་བགོས་ནས་མཚོ་སྔོན་གྱི་ཐུག་པའི་གཏམ་རྒྱུད་བརྗོད་ཡོད་ལ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་འབྲེལ་ཡོད་ལེ་ཚན་ནང་གཏོང་རྒྱུ་རེད།

མིག་སྔར། ཕབ་སྐྲུན་ཚན་ཁག་དེ་དཔའ་ལུང་དང་ཞོན་ཧྭ། མིན་ཧི། ཕིན་ཨན་དང་ཟི་ལིང་། ཧྥུ་ཅན་ཞ་མོན། ཀྲེ་ཅང་ཧང་ཀྲོའུ་དང་པེ་ཅིན་སོགས་ས་ཁུལ་དུ་སོང་ནས་ཐུག་པའི་ལས་ཞུགས་པ་དང་། ཕ་ཡུལ་དུ་ལོག་པའི་ལས་སྐྲུན་མི་སྣ། ཆེད་མཁས་པ་དང་འབྲེལ་ཡོད་མི་སྣ་བཅས་ལ་བཅར་འདྲི་བྱས་པ་མ་ཟད། བཅར་འདྲིའི་གནས་ཚུལ་དང་འབྲེལ་ནས་དངོས་བཤུས་གློག་བརྙན《མཚོ་སྔོན་གྱི་ཐུག་པའི་གཏམ་རྒྱུད》ཀྱི་མ་དཔེ་ཕབ་སྐྲུན་བྱས་ཚར་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།