མཚོ་སྔོན་ཞིང་ཆེན་གྱིས་སློབ་ཁྲིད་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དང་པོ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱིས་སློབ་ཁྲིད་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཡའོ་ཧེ་ཅོན་དང་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས། བྱ་དགའ་ཐོབ་པའི་འཐུས་མི་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)སློབ་གསོ་ཅུའུ་དང་ཁྲིད་དཔྱོད་ཁང་། མཐོ་རིམ་སློབ་གྲྭའི་འགོ་ཁྲིད་བློ་མཐུན། ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་ཁྲུའུ་དང་ཐད་གཏོགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་བཅས་ཁྱོན་བསྡོམས་མི130ལྷག་ཐེངས་འདིའི་གཟེངས་བསྟོད་ཚོགས་འདུར་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས་བཙུགས་པའི་ཞིང་ཆེན་རིམ་པའི་གཟེངས་བསྟོད་རྣམ་གྲངས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་དང་རིག་གཞུང་སྡེ་ཁག  སྤྱི་ཚོགས་རྩ་འཛུགས། དགེ་རྒན་དང་མི་སྒེར་སོགས་ལ་ཁ་ཕྱོགས་ཡོད་པ་དང་། བྱ་དགའི་རྣམ་གྲངས་ལ་རྨང་གཞི་སློབ་གསོ་དང་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་རིགས་གསུམ་དང་། བྱ་དགའ་ལ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་རིམ་པ་གསུམ་དུ་བཀར་ནས་ལོ་བཞི་རེར་ཐེངས་རེར་དཔྱད་འདེམས་བྱེད་པ་ཡིན། སྐབས་དང་པོའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་དེ2014ལོ་ནས་འགོ་བརྩམས་ཤིང་། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་བཀྲམས་པའི《མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་དངོས་འབེབ་བྱེད་ཐབས》གཞིར་བཟུང་བ་དང་ཞིང་ཆེན་སློབ་ཁྲིད་གྲུབ་འབྲས་བྱ་དགའ་དངོས་འབབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་འདོམས་དང་བཀོད་སྒྲིག་འོག《མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ལ་དཔྱད་འདེམས་བྱེད་པའི་བྱ་བའི་འཆར་གཞི》གཏན་འབེབ་བྱས་ཤིང་ཐེངས་འདིའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ལ་ཐོབ་ཐང་ཞིབ་བཤེར་དང་ཆེད་མཁས་པས་དཔྱད་འདེམས། དཔྱད་འབྲས་ཡོངས་བསྒྲགས་སོགས་བརྒྱུད་མཐར་ཞིང་ཆེན་ཡོངས་ཀྱིས་ཞུ་འབུལ་བྱས་པའི་སློབ་ཁྲིད་གྲུབ་འབྲས247ཁྲོད་ཀྱི48ལ་བྱ་དགའ་ཐོབ་པ་རེད།

ཚོགས་ཐོག་ཏུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཡའོ་ཧེ་ཧྲིན་གྱིས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ལ་གཟེངས་བསྟོད་དང་བྱ་དགའ་གནང་བའི་སྐོར་གྱི་ཐག་གཅོད》རྒྱུད་སྒྲོག་བྱས་ཤིང་། “མཚོ་སྔོན་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་སློབ་འབྲིང་སྐྱེ་དངོས་ཁྲིད་གཞི་དེ་ས་གནས་ཅན་དུ་བསྒྱུར་བའི་སློབ་ཁྲིད་གཞུང་ལུགས་དང་ལག་ལེན་ཞིབ་འཇུག”ཅེས་པ་སོགས་གྲུབ་འབྲས8ལ་མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་དང་། “སློབ་ཆུང་སྐད་ཡིག་གི་བྱ་རིམ་བཞིའི་སློབ་ཁྲིད་རྣམ་པའི་ལག་ལེན་ཞིབ་འཇུག”སོགས་གྲུབ་འབྲས14ལ་མཚོ་སྔོན་ཞིང་ཆེན་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། “བྱིས་གཉོར་ཁང་གི་སློབ་རའི་བྱ་འགུལ་འཛུགས་སྐྲུན་དང་དངོས་འབེབས”སོགས་གྲུབ་འབྲས26ལ་མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གསུམ་པ་ཐོབ། དེ་མིན་བྱ་དགའ་ཐོབ་པའི་འཐུས་མི48ལ་བྱ་དགའི་དཔང་ཡིག་དང་བྱ་དགའི་མ་དངུལ་གནང་བ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།