མཚོ་སྔོན་གྱིས་དགུན་དུས་ཡུལ་སྐོར་ཐད་ཕྱོགས་བསྡུས་གསར་སྤེལ་བྱེད་སྟངས་བསྐྲུན་པ།  

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དགུན་ཁར།  མཚོ་སྔོན་ཞིང་ཆེན་གྱི་གངས་ཤུད་ར་བའི་ཚོང་རྒྱུག་མགོ་བརྩམས། གྲོ་ཚང་རྡོ་རྗེ་འཆང་རྒྱལ་སྤྱིའི་གངས་ཤུད་ར་བ་དང་ཧུའུ་ཀྲུའུ་འཇའ་ཚོན་ཚོ་བའི་གངས་ཤུད་ར་བ། ཏ་ཐུན་གསེར་ཁོག་ལུང་པའི་གངས་ཤུད་ར་བ། ཨོ་སི་ལུའུ་གངས་ཤུད་ར་བ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་སྒོ་ཕྱེས་ཏེ། “དགུན་དུས་ཡུལ་སྐོར་གྱི་དུས་གཞུང”བསུས།

ཟླ12པའི་ཚེས5ཉིན། མཚོ་ཤར་གྲོང་ཁྱེར་གྲོ་ཚང་རྡོ་རྗེ་འཆང་གངས་ཤུད་ར་བའི་ནང་དུ། གསར་འགོད་པས་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་པ་མང་པོ་ཞིག་གིས་མཐོ་སྒང་གི་གངས་འཁྱགས་དུས་ཚིགས་ཀྱི་དགའ་སྤྲོ་ཉམས་སུ་མྱངས་ཏེ།དགུན་དུས་ཀྱི་ཉི་འོད་འོག་འགུལ་སྐྱོད་ཀྱིས་བསླངས་པའི་སྤྲོ་བར་ལོངས་སྤྱོད་བྱེད་བཞིན་པ་མཐོང་།

གྲོ་ཚང་རྡོ་རྗེ་འཆང་རྒྱལ་སྤྱིའི་གངས་ཤུད་ར་བའི་འགན་ཁུར་པ་ཚའོ་ཅིན་ཡན་གྱིས་གསར་འགོད་པར་བཤད་རྒྱུར།  གངས་ཤུད་ར་བར་བསྡོམས་པས་སྒོར་ཁྲི4000ལྷག་གཏོང་རྩིས་ཡོད་ལ། མིག་སྔར་སྒོར་ཁྲི1000བཏང་ནས།གཙོ་བོ་གངས་ཤུད་ལ་ཐོག་མར་འཇུག་མཁན་རྣམས་ལ་ཞབས་ཞུ་འདོན་སྤྲོད་བྱས་པ་ཡིན། ཕྱིན་ཆད་ད་རུང་གཞི་ཁྱོན་ཇེ་ཆེར་བཏང་ནས། ཆེད་ལས་གངས་ཤུད་པ་རྣམས་ཀྱི་དགོས་མཁོ་བསྐོང་བ་དང་།  རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་དགུན་དུས་གངས་ཤུད་ཡུལ་སྐོར་གྱི་སྤྲོ་གསེང་གནས་མཆོག་བསྐྲུན་རྒྱུ་ཡིན།

ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་བསྐོར་ཏེ་ཆུ་ཚོད་སྐར་མ40ལྷག་ལ་སོང་ན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་བསླེབ་ཐུབ། དགུན་ཁར་ཡུལ་དེར་སོང་ན་རྨི་ལམ་གྱི་ཞིང་ཁམས་ལྟ་བུའི་གངས་འཁྱགས་འཇིག་རྟེན་གྱི་ཁམས་རོལ་མྱོང་བྱེད་ཐུབ་ལ།  མི་རྣམས་ཀྱིས་གངས་ནང་འགུལ་སྐྱོད་ལས་བསླངས་པའི་དགའ་སྤྲོ་ལོངས་སུ་སྤྱོད་ཐུབ་པ་ལས་གཞན། ད་རུང་གངས་ཤུད་ར་བ་དང་ཐག་ཉེ་ས་ནས་ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བའི་ཡུལ་སྐོར་ལྗོངས་ཁུལ་ཡོད་ལ།དེའི་ཧོར་རིགས་ཀྱི་གཉེན་སྟོན་མཛད་སྒོ་དང་ཀོ་གཟུགས་འཁྲབ་སྟོན། ཧོར་རིགས་གླུ་གར་སོགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དེ་གངས་འཁྱགས་ཡུལ་སྐོར་དང་འདྲེས་ཡོད་པའི་ཧུའུ་ཀྲུའུ་རྫོང་གི་དགུན་དུས་ཡུལ་སྐོར་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ལ་ལྟད་མོར་རོལ་ཆོག

རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་རང་བྱུང་ཁོར་ཡུག་གི་ལེགས་ཆར་བརྟེན་ནས། ཕྱེས་ཡོད་པའི་ཏ་ཐུན་ཧོས་རིགས་རང་སྐྱོང་རྫོང་གསེར་ཁོག་ལུང་པའི་གངས་ཤུད་ར་བས་ཀྱང་མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་གོང་དུ་འཕེལ་བར་སྐུལ་འདེད་བྱས་པ་དང་། གྲོང་ཁྱེར་གཞིས་དམངས་དང་ས་ཆ་གཞན་གྱི་ཡུལ་སྐོར་པ་རྣམས་ལ་ངོ་མཚར་གྱིས་ཕྱུག་པའི་དགུན་དུས་ཡུལ་སྐོར་གསོལ་སྟོན་ཞིག་བཤམས་པ་དང་མཚུངས།

གསེར་ཁོག་ལུང་པའི་གངས་ཤུད་ར་བར་སོང་ན། ཡུལ་གྲུ་མ་ལུས་གངས་ཀྱིས་གཡོགས་པ་དང་།  གཡའ་དག་ཅིང་སྔོ་བསངས་པའི་མཁའ་དབྱིངས།  ཁོད་ཡངས་པའི་གངས་ཤུད་བགྲོད་ལམ་དུ་གངས་ཤུད་པ་རྣམས་རྩེད་འཇོར་རོལ་བའི་རྒྱབ་གཟུགས་མཐོང་ཐུབ།

ཟླ12པའི་ཚེས10ཉིན་སྒོ་ཕྱེས་ནས་ཡུལ་སྐོར་པ་བསུས་པའི་ཨོ་སི་ལུའུ་གངས་ཤུད་ར་བའི་ནང་དུ་མི་ཚོགས་ལང་ལོང་དུ་འཁོར་བ་དང་། ཡུལ་སྐོར་པ་རྣམས་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་གངས་ཤུད་ལྭ་བ་གྱོན་ནས། གངས་ཤུད་བགྲོད་ལམ་ནས་མར་ཤུད་པའམ་ཡང་ན་མི་གསུམ་རེ་ལྔ་རེ་སྐོར་བྱས་ཏེ་གངས་རྩེད་བྱེད་བཞིན་ཡོད།

གངས་ཤུད་ར་བའི་འགན་ཁུར་པས།ཐེངས་འདིའི་གངས་འཁྱགས་དུས་ཆེན་ནི་རྩེད་འཇོ་དང་ལུས་སྦྱོང་། སྤྲོ་གསེང་བཅས་ཕུང་པོ་གཅིག་ཏུ་བསྡུས་ནས།ཚང་མ་བདེ་ཐང་དང་སྤྲོ་སྐྱིད་ཀྱི་འཚོ་བའི་འདུ་ཤེས་གསར་པའི་ཕྱོགས་སུ་འཁྲིད་པ་དམིགས་ཡུལ་བྱས་ཏེ། མི་རྣམས་དགུན་དུས་རང་བྱུང་ཁམས་ལ་བསྐྱོད་པ་དང་། རང་བྱུང་ཁམས་ལ་ལོག་ཅིང་ཉེ་བར་བཅར་ནས།  དགུན་དུས་ཨོ་སི་ལུའུ་ཡི་གངས་འཁྱགས་ཡུལ་སྲོལ་ལ་རོལ་མྱོང་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ད་ལྟ། མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་ཚོང་ཁྲོམ་དེ་གངས་ཤུད་ལ་བརྟེན་ནས་རྒྱུག་པོར་འགྱུར་བཞིན་ཡོད།  དེ་ན།  མཚོ་སྔོན་གྱི་གངས་ཤུད་ལས་དོན་འཕེལ་རྒྱས་ལ་ལེགས་ཆ་ཅི་འདྲ་ལྡན་ནམ་ཞེ་ན།

མཚོ་སྔོན་གྱི་ནམ་ཟླའི་ཁྱད་ཆོས་ནི་མཐོ་སྒང་གྲང་འཁྱགས་དང་ཐན་སྐམ་གཙོ་བོ་ཡིན་པས། དཔེ་མཚོན་ལྡན་པའི་སྐམ་སའི་རང་བཞིན་གྱི་མཐོ་སྒང་གི་ནམ་ཟླ་རེད། དགུན་ཁ་འཁྱགས་ལ་དབྱར་ཁ་བསིལ་བ་དང་།  དཔྱིད་ཀ་དང་སྟོན་དུས་དྲོད་གྲང་དོ་མཉམ་པ་ཞིག་རེད། དགུན་དུས་དེ་འདྲ་གྲང་ངར་ཆེ་རྒྱུ་མེད་རུང་། འོན་ཀྱང་འཕྲེད་ཐིག་གི་ཏུའུ་གྲངས་མཉམ་པའི་ཤར་ཕྱོགས་དབུས་ཁུལ་དང་བསྡུར་ན་ཅུང་འཁྱགས་པར་མ་ཟད་འཁྱགས་པའི་དུས་ཡུན་ཡང་རིང་། མཚོ་སྔོན་ཞིང་ཆེན་གྱི་ཉིན་རེའི་ཆ་སྙོམས་ཀྱི་དྲོད་ཚད≤0℃ཡིན་པའི་ཉིན་གྲངས་མཚོ་ངོས་ལས་མཐོ་ཚད་མུས2000ནས4000ཡོད་པའི་ས་ཁུལ་དུ་ཟླ4པ་ནས་ཟླ6པར་ཡུན་བསྲིངས་པ་དང་། མཚོ་ངོས་ལས་མཐོ་ཚད་མུས4000ཡན་གྱི་ས་ཁུལ་དུ་ཟླ6ལས་བརྒལ་བས།  གངས་ཤུད་ཐོན་ལས་གོང་སྤེལ་ལ་ཆ་རྐྱེན་བཟང་པོ་ལྡན།

ཚའོ་ཅིན་ཡན་གྱིས་བཤད་རྒྱུར། དོན་ངོ་མར་མཚོ་སྔོན་ནས་གངས་ཤུད་སྤེལ་ན་ཀྲུང་གོའི་བྱང་ཤར་ས་ཁུལ་ལས་མི་དམན་ལ། ན་ནིང་ཁོ་ཚོའི་གངས་ཤུད་ར་བ་ནས་ཟླ་ངོ་གཉིས་ཀྱི་རིང་ལ་ཡུལ་སྐོར་པ་མི་ཐེངས་ཁྲི10སྣེ་ལེན་བྱས། ཕྱོགས་གཅིག་ནས་མཚོ་སྔོན་དུ་ཆེད་ལས་གངས་ཤུད་པ་དེ་འདྲ་མང་པོ་མེད་པ་དང་། མི100ནས200མ་གཏོགས་མེད། དེ་ལས་མཚོ་སྔོན་དུ་གངས་ཤུད་ལས་དོན་གོང་དུ་སྤེལ་ན་འཕེལ་རྒྱས་ཀྱི་ཁོང་གསེར་ཆེན་པོ་ཡོད་པ་གསལ་པོར་ཤེས།  ཕྱོགས་གཞན་ཞིག་ནས།  ད་ལྟའི་མི་རྣམས་ཀྱིས“མཐོ་སྒང་ཁམས་གསོ”ལ་འབད་བཞིན་ཡོད།  དེ་ནི་གཙོ་བོ་མཚོ་ངོས་ལས་མཐོ་ཚད་མུས2500ནས3000གི་ས་ཁུལ་ནས་གུང་གསེང་ཁམས་གསོ་བྱེད་པར་གོ ། མཚོ་སྔོན་གྱི་ཡུལ་གྲུ་མང་པོ་ཞིག་ལ་གོང་གི་ཆ་རྐྱེན་འདི་འཛོམས་པས།  མི་རྣམས་ཀྱི་ཁམས་གསོ་བསྙེག་བྱ་དང་འཚམ།

སྤྱིའི་ཆ་ནས་བཤད་ན། གངས་ཤུད་བྱེད་པའི་མི་འབོར་དེ་མི་འབོར་གཞི་གྲངས་ཀྱི་ཡོང་སྒོ་ཆུ་ཚད་དང་མི་འབོར་གྲུབ་ཚུལ།འཚོ་སྟངས་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད།  ཀྲུང་གོའི་དཔལ་འབྱོར་བསྟུད་མར་མགྱོགས་པོར་འཕེལ་བ་དང་བསྟུན་ནས། ཀྲུང་གོའི་གངས་ཤུད་ཚོང་ཁྲོམ་མགྱོགས་པོར་འཕེལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི《རྩལ་སྦྱོང་ཐོན་ལས་མགྱོགས་པོར་གོང་དུ་སྤེལ་ནས་རྩལ་སྦྱོང་འཛད་སྤྱོད་ལ་ཡར་སྐུལ་བྱེད་པའི་བསམ་འཆར་འགའ》ཡི་ནང་དུ་གསལ་པོར་བརྗོད་དོན། “གངས་འཁྱགས་འགུལ་སྐྱོད་སོགས་ཀྱི་ཁྱད་ལྡན་ལས་གཞི་འགག་སྒྲོལ་སར་བརྩིས་ཏེ། ལུས་སྦྱོང་གུང་གསེང་ལས་གཞི་ཁྱབ་གདལ་དང་ཇེ་མཐོར་གཏོང་བར་ཡར་སྐུལ་བྱེད་པ་དང་། གངས་འཁྱགས་འགུལ་སྐྱོད་ཀྱི་འཆར་གཞི་བཀོད་ནས།སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་གངས་འཁྱགས་འགུལ་སྐྱོད་ར་བ་མང་པོ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ན། གངས་འཁྱགས་འགུལ་སྐྱོད་ཀྱི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བྱེད་པ་དང་།  རྩལ་སྦྱོང་འཛད་སྤྱོད་ཀྱི་ཚ་རླབས་གསར་པ་འཕྱུར་དུ་འཇུག་དགོས། ”

རྒྱལ་ཁབ་ཀྱི་ཐོན་ལས་ཆེན་པོ་འདིའི་འཕེལ་རྒྱས་རྒྱབ་ལྗོངས་དང་ཚོང་ཁྲོམ་ལ་བལྟས་ན། མཚོ་སྔོན་གྱི་གངས་འཁྱགས་ཡུལ་སྐོར་ཚོང་ཁྲོམ་ལ་འཕེལ་རྒྱས་ཀྱི་རེ་བ་ཆེ་ཟེར་ན་ཆོག །

གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་གསལ་ལྟར་ན།  2016ལོའི་ཟླ12པའི་ཚེས30ཉིན་ནས2017ལོའི་ཟླ་དང་པོའི་ཚེས2ཉིན་བར་གྱི་ཉིན4རིང་གི་ལོ་གསར་པའི་གུང་གསེང་གི་སྐབས་སུ། རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་མི་ཐེངས་ཁྲི3566འགྲུལ་སྐྱེལ་བྱས་ཤིང་།  ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས་ཁྲི891.5བསྐྱལ་པས། དུས་མཉམ་དང་བསྡུར་ན10%འཕར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།