མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་སྲུང་མང་པོ་བཏོན་ནས་ནད་བྱུང་བ་ལས་དབུལ་བོར་འགྱུར་བར་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྨན་བཅོས་འགན་སྲུང་དང་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དབུལ་ཕོངས་མི་གྲངས་འགན་སྲུང་ཁྲོད་ཞུགས་པའི་ཆེད་དོན་རོགས་སྐྱོབ་སྲིད་ཇུས་ལག་བསྟར་བྱེད་པ། དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་སྒོ་བསྟེན་རོགས་སྐྱོར་དང་ཞག་སྡོད་རོགས་སྐྱོར། ནད་ཚབས་ཆེན་རོགས་སྐྱོར་དངོས་འབེབས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཏན་ཏིག་གིས་བདེ་ཐང་དབུལ་སྐྱོར་བྱ་བར་སྐུལ་འདེད་བྱས་པ་དང་། སྨན་བཅོས་འགན་སྲུང་མང་པོ་ལག་བསྟར་བྱས་ནས་ནུས་ཤུགས་ཡོད་རྒུས་ནད་བྱུང་བ་ལས་དབུལ་བོར་འགྱུར་བར་སྔོན་འགོག་བྱས། 2016ལོར། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་བརྒྱད་དང་སྟོང་བཞི་ཡིས་སྨན་བཅོས་འགན་སྲུང་རོགས་དངུལ་སྒོར་དུང་ཕྱུར་བཞི་དང་ས་ཡ་གཉིས་ལོངས་སྤྱོད་བྱས་པ་དང་། མི་གྲངས་ཁྲི་བདུན་དང་སྟོང་དྲུག་གིས་སྨན་བཅོས་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དྲུག་ལོངས་སྤྱོད་བྱས། འདི་ནི་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་བདེ་ཐང་དབུལ་སྐྱོར་དཔྱད་ཞིབ་ཚན་ཆུང་མཚོ་སྔོན་ཞིང་ཆེན་ལ་ཡོང་ནས་2016ལོའི་བདེ་ཐང་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱེད་སྐབས་ཤེས་གསལ་བྱུང་བའི་གནས་ཚུལ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་དགུ་བརྩོན་ལེན་བྱས་ནས་དབུལ་ཕོངས་སྡེ་བའི་འཕྲོད་བསྟེན་ཁང་ཞིག་གསོ་དང་རྨང་གཞིའི་ནད་བརྟག་སྒྲིག་ཆས་བཀོད་སྒྲིག་བྱེད་པའི་ཐད་བཀོལ་བ་དང་། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་གཅིག་ཁྲི་བདུན་བཏང་ནས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་དགུ་བརྒྱད་ཀྱི་སྡེ་བའི་འཕྲོད་བསྟེན་ཁང་ལ་བདེ་ཐང་གཞི་གཅིག་འཕྲུལ་ཆས་བཀོད་སྒྲིག་བྱས་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་སོ་དགུའི་ཞང་སུམ་བརྒྱ་ང་དྲུག་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གསུམ་ནད་བྱུང་བ་ལས་དབུལ་བོར་གྱུར་བའི་ཡུལ་དངོས་གཞི་གྲངས་འཚོལ་བསྡུ་དང་དྲ་རྒྱའི་ཡར་བསྐུར་བྱ་བ་ཡོངས་འགྲུབ་བྱས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ལ་གཅིག་མེད་པར་གཏོང་བ་དང་བདུན་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་གནད་ཕིག་ལག་བསྟར་བྱས་ཏེ། ལོ་གཅིག་གི་ནང་བསྡོམས་པས་དབུལ་ཕོངས་མི་གྲངས་ལ་སྨན་བཅོས་འགྲོ་སོང་སྒོར་བྱེ་བ་གསུམ་ཆག་ཡང་དུ་བཏང་བ་དང་། གསུམ་མེད་མི་སྣ་དང་དབུལ་ཕོངས་མི་གྲངས་ལ་འཕྲལ་བསྟུན་རོགས་སྐྱོར་དང་སྨན་བཅོས་རོགས་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་བྱིན།

མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་དབུལ་ཕོངས་མི་གྲངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པར་ཆེད་དོན་རོགས་དངུལ་སྲིད་ཇུས་ལག་བསྟར་བྱས་པ་དང་། མི་སྒེར་གྱིས་སྤྲོད་དགོས་པའི་ཁག་དེ་དམངས་སྲིད་སྡེ་ཁག་གིས་མཁར་གྲོང་སྨན་བཅོས་རོགས་སྐྱོབ་མ་དངུལ་ཁྲོད་ནས་སྒོར་ཁ་ཚང་སྟེར་བ་དང་། དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་སྒོ་བསྟེན་རོགས་སྐྱོར་དང་ཞག་སྡོད་རོགས་སྐྱོར། ནད་ཚབས་ཆེན་གྱི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་པ་མ་ཟད། ནད་ཚབས་ཆེན་སྲིད་ཇུས་ཁྱབ་ཁོངས་ནང་སྒོ་བསྟེན་འགྲོ་སོང་དེ་རྨང་གཞིའི་སྨན་བཅོས་འགན་སྲུང་ལས་རྩིས་ཞུ་བྱས་རྗེས། ལྷག་ཡོད་པའི་ཁག་དེ་བརྒྱ་ཆའི་བརྒྱད་ཅུ་ལྟར་སྨན་བཅོས་རོགས་སྐྱོར་བྱེད་པ་དང་། དམིགས་བསལ་དཀའ་ཁག་གསོ་སྐྱོང་བྱ་ཡུལ་ལ་བརྒྱ་ཆའི་བརྒྱ་ཡིས་རོགས་སྐྱོར་བྱེད་པ་རེད། དབུལ་ཕོངས་མི་གྲངས་ལ་ནད་ཚབས་ཆེན་བྱུང་བའི་ཞག་སྡོད་འགྲོ་སོང་དང་། སྲིད་ཇུས་ཆག་ཡང་། གཞི་རྩའི་སྨན་བཅོས་འགན་སྲུང་། ནད་ཚབས་ཆེན་སྨན་བཅོས་འགན་སྲུང་རྩིས་ཞུ་བྱས་རྗེས་ལོ་གཅིག་གི་ནང་མི་སྒེར་གྱིས་སྤྲོད་དགོས་པའི་སྒོར་གྲངས་ཁྲི་གསུམ་ཡན་ལས་བརྒལ་ཚེ། བརྒྱ་ཆའི་དྲུག་ཅུ་ཡིས་རོགས་སྐྱོབ་བྱེད་པ་དང་ལོ་རེར་མི་རེར་རོགས་སྐྱོར་བྱེད་ཚད་སྒོར་ཁྲི་བཅུ་ཡིན་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།