མཚོ་སྔོན་མཚོ་ནུབ་ཁུལ་གྱི་ཁེ་ལས62ཀྱིས་སློབ་མ་ཆིག་སྟོང་ཚྭ་འདམ་ཁུལ་དུ“ཕུགས་འདུན་མངོན་འགྱུར་བྱེད་པར”ཡོང་རྒྱུའི་གདན་ཞུ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཚོ་ནུབ་ཀྲོའུ་ཁེར་རྐྱང་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་ཀྱིས་ཁེ་ལས62སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་དུ་འཚོགས་པའི2017ལོའི་སྒེར་གཉེར་ཁེ་ལས་དང་མཐོ་སློབ་སློབ་ཐོན་སློབ་མའི་མཁོ་དགོས་ངོ་ཐུག་གི་ཆེད་དོན་གདན་ཞུའི་ཚོགས་འདུར་ཞུགས་ཤིང་། ཁེ་ལས་དེ་དག་གིས་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་སྟོང་ལ་ཉེ་བ་མཁོ་འདོན་བྱས་པ་མ་ཟད། ད་དུང་ཁོང་ཚོ་ཚྭ་འདམ་ཁུལ་དུ་ལས་ཞུགས་བྱས་ནས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཡོང་རྒྱུའི་གདན་ཞུ་ཡང་བྱས་པ་རེད།

ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་དང་ལས་འཚོལ་འབྲེལ་ཟམ་འཛུགས་ཆེད་མཚོ་ནུབ་ཀྲོའུ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཚོ་ནུབ་ཀྲོའུ་ཁེར་རྐྱང་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་ཀྱིས་ཀྲོའུ་དེ་ཡོངས་ཀྱི་ལས་མི་བསྡུ་བའི་བསམ་ཚུལ་ཡོད་པའི་ཁེ་ལས་ཁྲོད་ནས་ཁེ་ལས62གདམ་གསེས་བྱས་ཏེ་ཟི་ལིང་དུ་ཞིང་ཆེན་དེ་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་གདན་ཞུའི་ཚོགས་འདུར་ཞུགས་པར་བཏང་ཡོད། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དུ་གདན་ཞུའི་ཚོགས་འདུར་ཞུགས་པར་སྐྱོད་མཁན་མཚོ་ནུབ་ཀྲོའུ་ཡི་ཁེ་ལས་གྲས་སུ་གཞུང་ཁོངས་ཁེ་ལས6དང་། སྒེར་གཉེར་ཁེ་ལས54སྤྱི་ཚོགས་ཚོགས་པའི་རྩ་འཛུགས2བཅས་ཡོད་པ་དང་། ལས་རིགས37དང་ལས་གནས875མཁོ་འདོན་བྱས་པ། གླ་ཕོགས་དམའ་ཤོས་སྒོར2600དང་མཐོ་ཤོས་སྒོར15000བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུར་ཞུགས་པའི་མཚོ་ནུབ་ཀྲོའུ་ཡི་ཁེ་ལས་མང་ཆེ་བ་ནི་ཚན་རྩལ་རྣམ་པའི་ཁེ་ལས་ཡིན་པ་དང་། གྲངས་འཛིན་དང་། གོ་རིམ་ཚབ་རྟགས་རྩོམ་འབྲི། རྩོམ་སྒྲིག མཉེན་ཆས་གསར་སྤེལ། དྲ་རྒྱའི་རི་མོ་འབྲི་འགོད། ལས་གྲྭའི་སྔོན་རྩིས། དྲ་ཐོག་ཚོང་དོན་སོགས་མཐོ་རིམ་ཚན་རྩལ་ཤེས་ལྡན་མི་སྣའི་དགོས་མཁོ་མི་ཉུང་བ་ཞིག་ཡོད་པ། གཞན་ཡང་ཡུལ་སྐོར་དང་། དབྱིན་ཡིག སྨན་བཅོས་ནད་སྐྱོང་། ལྡུམ་རའི་ལག་རྩལ། རྩིས་གཉེར། དྲུང་ཡིག་སོགས་སྲོལ་རྒྱུན་ལས་རིགས་ཀྱི་ལས་མི་བསྡུ་ཚད་ཀྱང་མཐོ་པོ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།