མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུང་རིན་གཞོན་པ་མུའུ་ཏུང་ཧྲིན་ཚན་གཙོ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་སྐོར་ཞིག་གིས་གྲུབ་པའི་རྟོག་ཞིབ་ཚན་ཆུང་གིས་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་སོགས་སུ་སོང་ནས། ཆི་ལེན་རི་བོ་ས་ཁུལ་དང་མཚོ་སྔོན་པོའི་བཞུར་རྒྱུད། ཙོང་ཆུའི་བཞུར་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས། སྐྱེ་ཁམས་དོ་དམ་པ། དབུལ་ཐང་ཕྱུག་བསྒྱུར་ཐད་ཀྱི་སྣེ་ཁྲིད་མི་སྣ། བཟོ་གཏེར་ཁེ་ལས་ཀྱི་ལས་བཟོ་བ་བཅས་དང་བརྗེ་རེས་བྱས།

ཚེས་བཅུ་བཞི་ཉིན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས། ཚོགས་ཞུགས་འཐུས་མིས་ཁ་གཏད་རང་བཞིན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན།

རྟོག་ཞིབ་ཚན་ཆུང་གིས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་བ་དང་འགན་འཁྲི་ལྕི་བ་མ་ཟད་དམིགས་བསལ་ཡིན་པས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། སྐྱེ་ཁམས་རིན་ཐང་དང་ལྗང་མདོག་འཕེལ་རྒྱས་ཆུ་ཚད་རིམ་བཞིན་མཐོར་འདེགས་བྱས་ལ། སྐྱེ་ཁམས་དཔལ་ཡོན་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་དང་མཚོ་སྔོན་འཕེལ་རྒྱས་ཀྱི་མཚོན་རྟགས་མངོན་གསལ་དུ་གྱུར་ཡོད་ཟེར།

མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱས་ནས། བསྒྱུར་བ་བཞི་བརྟན་བརླིང་ངང་སྤེལ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་ལ་གཅིག་གྱུར་སྣེ་ཁྲིད་བྱེད་པ་དང་། སྐྱེ་ཁམས་རྩོལ་ནུས་མཐོར་འདེགས་དང་ཁོར་ཡུག་བཅོས་སྐྱོང་གི་རྒྱུ་སྤུས་སྔར་ལས་མཐོར་འདེགས་བྱེད་པ། ལྗང་མདོག་སྐྱེ་ཁམས་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།