རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་ཚོགས་པའི་འཐུས་ཚབ་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་ཡོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞང་ཀང་དང་ཨོ་མིན་བྱ་བའི་ཨུ་ཡོན་ལྷན་ཁང་གཙོ་བྱས་པའི་ན་གཞོན་ཚོགས་པའི་འཐུས་ཚབ་པ་སྐོར་ཞིག་མཚོ་སྔོན་དུ་ཡོང་ནས་མྱོང་ཚོར་རང་བཞིན་གྱི་སློབ་སྦྱོང་དང་རྟོག་ཞིབ་བྱ་འགུལ་སྤེལ། རྒྱལ་ཡོངས་སྲིད་གྲོས་ཞང་ཀང་དང་ཨོ་མིན། ཐེ་ཝན་སྤུན་ཟླའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོ་ཀྲི་ཧའོ་དང་ལུའུ་ཁྲང་ཧྭ་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

བྱ་འགུལ་གྱི་དམིགས་ཡུལ་ནི་ཞང་ཀང་དང་ཨོ་མིན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞང་ཀང་དང་ཨོ་མིན་གྱི་ན་གཞོན་ལོ་ཆུང་ཚོའི་རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨོ་གཅེས་ཀྱི་རིན་ཐང་ལྟ་བ་འཛུགས་པར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་པས། ཞིང་ཆེན་སྲིད་གྲོས་ཀྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། བཀོད་སྒྲིག་ཞིབ་མོ་བྱས་ལ། རྟོག་ཞིབ་ཀྱི་ནང་དོན་ཐད་ནས་མཐུན་སྦྱོར་དང་དངོས་འབེབས་བཟང་བོ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཡིས་མཉམ་དུ་རྟོག་ཞིབ་བྱས།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། འཐུས་ཚབ་ཚོགས་པ་སྔ་གཞུག་ཏུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་བཅས་སུ་སོང་ནས། ལྟ་སྐོར་དང་འཚམས་འདྲི། འབྲེལ་འདྲིས་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་མེས་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་མྱོང་ཚོར་བྱས། ཉིང་རྡུལ་མཁར་གྲོང་རྟེན་མཛོད་གླིང་དུ། ཞང་ཀང་དང་ཨོ་མིན་གྱི་ན་གཞོན་ཚོས་རང་རྒྱལ་གྱིས་འབར་མདེལ་གཉིས་ཞིབ་འཇུག་དང་བཟོ་སྐྲུན་བྱས་པའི་དཀའ་སྡུག་གི་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཇེ་བརྟན་དུ་བཏང་། འོམ་ཆུའི་འགྲམ་ནས་གསེར་ཉ་ཕྱིར་རྐྱལ་བའི་གནས་ཚུལ་ལ་བལྟས་རྗེས། ཞང་ཀང་དང་ཨོ་མིན་གྱི་ན་གཞོན་ཚོས་མཚོ་སྔོན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པ་དང་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་བཞིན་པར་ཐད་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོའི་ཐུན་མོང་གི་ཁྱིམ་གཞི་ལ་གཅེས་སྤྲས་བྱེད་པའི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་། དེའི་རྗེས་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་ཚོ་ཞིང་ཁྱིམ་དུ་སོང་ནས། མཚོ་སྔོན་གྱི་ཞིང་སྡེ་གསར་བའི་རྣམ་པ་དང་དམངས་ཕན་སྲིད་ཇུས་ཀྱི་གྲུབ་འབྲས་ལ་བལྟས།

སློབ་སྦྱོང་དང་རྟོག་ཞིབ་བྱ་འགུལ་མཇུག་རྫོགས་རྗེས། འཐུས་ཚབ་ཚོགས་པའི་ཁོངས་མིས། ཐེངས་འདིར་ཁོ་ཚོའི་མི་རིགས་ལོ་རྒྱུས་རིག་གནས་དང་རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་བ་དང་། ཕྱིར་སོང་རྗེས། ངེས་པར་དུ་ཉེ་འགྲམ་གྱི་གྲོགས་པོ་ཚོ་དང་མཚོ་སྔོན་གྱི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་དང་བརྗེ་རེས་བྱས་ནས། ཚང་མ་ནང་ལོགས་སུ་ལྟ་སྐོར་དང་རྟོག་ཞིབ་ཡོང་བར་སྐུལ་སློང་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།