ཡན་ཅིན་ཧེ་ཡིས་ཟི་ལིང་གྲོང་ཁྱེར་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཟི་ལིང་གྲོང་ཁྱེར་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོར་སོང་ནས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་འཁོར་རྒྱུག་བྱ་བར་རྟོག་ཞིབ་བྱས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ཚོང་རྟགས་འཛུགས་སྐྲུན། ཉོ་ཚོང་འཁོར་རྒྱུག་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཁོས་ནན་གྱིས་བསྟན་དོན། ཁེ་ལས་གཙོ་བོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བཟང་བོ་བྱེད་པ། དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཚོང་རྟགས་གསར་སྐྲུན་བྱས་ནས། ཞིང་ཕྱུགས་ལས་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བ་དང་། རིན་ཐང་སྦྲེལ་ཐག་མཐོར་འདེགས་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་བསྟན་དོན། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་ནི་མཐོ་སྒང་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་ལ། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། མཁར་གྲོང་སྡོད་དམངས་ཀྱི་འཛད་སྤྱོད་རིམ་སྤོར་ཐད་ཀྱི་དགོས་མཁོ་སྐོང་བའི་ཐད་ནུས་པ་གལ་ཆེན་ལྡན་པས། ས་ཆ་སོ་སོས་སྲིད་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། མུ་མཐུད་དུ་ཁེ་ལས་གཙོ་བོས་འཕེལ་རྒྱས་རྣམ་པ་བསྒྱུར་བར་རོགས་སྐྱོར་བྱེད་པ། རིགས་མི་འདྲ་བའི་ཐོན་ལས་ཅན་གྱི་ཚོང་གཉེར་མ་དཔེ་འཚོལ་ཞིབ་བྱེད་པ། ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བཟང་བོ་བྱེད་པར་ཤུགས་སྣོན་པ། ཞིང་བ་དང་འབྲོག་ཁྱིམ་དང་། ཁྱིམ་ཚང་གི་ཞིང་ཕྱུགས་ར། ཆེད་ལས་མཉམ་ལས་ཁང་སོགས་ཚོང་གཉེར་གཙོ་བོའི་བར་རྣམ་པ་མང་བའི་ཁེ་ལས་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ཁྱད་ཆོས་ཀྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཞན་ཆ་ཡིན་པས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་གཙོ་བོར་བྱེད་པ། མཐོ་སྒང་གི་ནམ་ཟླ་འཁྱག་པ་དང་ཁོར་ཡུག་དག་གཙང་ཡིན་པའི་ཁྱད་དུ་འཕགས་པའི་རང་བྱུང་གནམ་གཤིས་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱེད་པ། བྱེད་ཐབས་ཤུགས་ཡོད་སྤྱད་དེ། མཐོ་སྒང་ཁྱད་ཆོས་ཀྱི་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པ་དང་། ཚོང་རའི་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་པ། ཚོང་རྟགས་ཀྱི་ཕན་འབྲས་མཐོར་འདེགས་བྱེད་པ། སྤུས་ལེགས་གོང་བདེ་མངོན་འགྱུར་བྱེད་པ་བཅས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།