ཝང་ལིས་མེན་གྱིས་དབྱི་ཐ་ལིའི་མན་ཐོ་ཝ་ཞིང་ཆེན་གྱི་ཧྲིན་ཀྲང་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཟི་ལིང་ནས་དབྱི་ཐ་ལིའི་མན་ཐོ་ཝ་ཞིང་ཆེན་གྱི་ཧྲིན་ཀྲང་མཱོ་སད་ལེ.པེ་ཉི་མིས་ནའོ་སོགས་ལ་ཐུག་འཕྲད་བྱས།

ཝང་ལིས་མེན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཧྲིན་ཀྲང་ཝང་ཅན་ཅུན་གྱི་ཚབ་བྱས་ཏེ་མཱོ་སད་ལེ.པེ་ཉི་མིས་ནའོ་སོགས་འཚམས་འདྲི་ལ་ཡོང་བར་དགའ་བསུ་ཞུས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ཐད་ནས་ངོ་སྤྲོད་མདོར་བསྡུས་བྱས། ཝང་ལིས་མེན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མན་ཐོ་ཝ་ཞིང་ཆེན་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས། གནས་སྐོར། ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་ད་དུང་བར་སྟོང་ཆེན་པོ་ཡོད་པས། སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཕན་ཚུན་བར་གྱི་འགྲོ་འོང་སྔར་ལས་དམ་ཟབ་ཏུ་འགྱུར་ངེས། ཐེངས་འདིར་མཱོ་སད་ལེ.པེ་ཉི་མིས་ནའོ་སོགས་འཚམས་འདྲིར་ཡོང་བ་དེ། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་དང་མན་ཐོ་ཝ་ཞིང་ཆེན་གཉིས་བར་གྱི་མཉམ་ལས་བརྗེ་རེས་ལ་སྐུལ་འདེད་བྱེད་པའི་ཐད་མངོན་སུམ་གྱི་དོན་སྙིང་ལྡན་ལ། ཞིང་ཆེན་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། ཁྱོན་ཡོངས་ཀྱི་མཉམ་ལས་སྤེལ་བ་དང་། གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

མཱོ་སད་ལེ.པེ་ཉི་མིས་ནའོ་ཡིས་མན་ཐོ་ཝ་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། མན་ཐོ་ཝ་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་བར་དུ་དཔལ་འབྱོར་ཉོ་ཚོང་དང་ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་ཟབ་མོ་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པའི་རྨང་གཞིའི་སྟེང་། ཕན་ཚུན་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཡུན་རིང་གི་གྲོགས་པོའི་མཉམ་ལས་འབྲེལ་བ་བཙུགས་ནས། མཉམ་དུ་ཕྱོགས་གཉིས་ཀྱིས་སྔོན་ཆད་བཀོད་པའི་གྲོགས་པོའི་མཉམ་ལས་གྲོས་མཐུན་དངོས་འབེབས་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།