ཝང་གོ་ཧྲིན་གྱིས་ཙོང་ཆུའི་ཆུ་ལག་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་སྐོར་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཆུ་འགྲམ་ལམ་གྱི་ཟི་ལིང་ལྗང་མདོག་གཞུང་ལམ་དང་གྲམ་པ་ལྷོ་མའི་ཆིས་ལིན་ཁུགས་སོ། གྲམ་པ་བྱང་མའི་བརླན་ས་སྤྱི་གླིང་། གཡང་ཆུའི་ཟམ་པ་སོགས་ནས་ཙོང་ཆུའི་ཆུ་ལག་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བསམ་བློ་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་དངོས་འབེབས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་བདག་འགན་འཁྲི་དམ་པོར་བཟུང་མཐར། ཤུགས་ཆེན་པོས་ཆུ་བོའི་བཞུར་རྒྱུན་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཞེས་བསྟན།

ཆུ་བོའི་ཡུན་བརྟན་ལམ་ལུགས་དངོས་འབེབས་བྱས་པ་ཅི་འདྲ་ཡིན་པ་དང་། ཙོང་ཆུའི་བཅོས་སྐྱོང་ཕན་འབྲས་གང་འདྲ་ཡིན་པ། གནད་དོན་འབུར་ཐོན་གང་དག་གནས་པ། གྲོང་ཁྱེར་མི་དམངས་ཀྱི་ཡིད་ཚིམ་ཚད་ག་འདྲ་ཡིན་པ་བཅས་ལ་རྒྱུས་ལོན་བྱེད་ཆེད། ཝང་གོ་ཧྲིན་སྔ་གཞུག་ཏུ་ཙོང་ཆུ་དང་གྲམ་ཆུ་ལྷོ་མ། གྲམ་ཆུ་བྱང་མ་སོགས་སུ་སོང་ནས། ཆུ་བོའི་བཞུར་ལམ་དང་ཆུ་བོའི་འགྲམ་ངོགས་ཀྱི་ཁོར་ཡུག ཉེ་འཁོར་མི་དམངས་ཀྱི་འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། ལྟ་སྲུང་མི་སྣ་དང་ཁོར་སྲུང་མི་སྣས་ཆུའི་ནང་གི་སྙིགས་རོ་དང་ཆུའི་ཁར་གཡེང་བའི་དངོས་པོ་དྲ་རྒྱ་བཏབ་ནས་འཐུ་བཞིན་པ་མཐོང་བས། ཝང་གོ་ཧྲིན་ལས་བཟོ་བ་རྣམས་ཀྱི་སྔུན་ལ་བཅར་ནས་ལག་འཇུ་བྱས་ཏེ། ལས་བཟོ་བ་རྣམས་ཀྱི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་མོར་དྲིས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་བརྡལ་དུ་གཏོང་རྒྱུ་ནི། ལྗང་མདོག་འཕེལ་རྒྱས་འདུ་ཤེས་དངོས་འབེབས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་ལྡན་དུ་སྤེལ་བའི་ལམ་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱིས་ཏན་ཏན་ཏིག་ཏིག་བཞི་དང་སྒྱུར་བ་བཞི་ཡར་ལྡན་དུ་སྤེལ་བའི་ཞིབ་ཕྲའི་ལག་ལེན་ཡང་ཡིན། ཆུ་བདག་ལམ་ལུགས་ཀྱི་འགན་ནུས་ནི་བདེན་པ་བདེན་ཐུབ་ཀྱིས་བསྒྲུབ་དགོས་པ་ལས་ཁ་གཡང་བོས་ནས་ཡོང་བ་ཞིག་རྩ་བ་ནས་མིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆུ་བདག་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། ཆུ་བོ་ཡུན་བརྟན་དྭངས་གཙང་ཡོང་བར་བྱེད་པའི་ཕན་འབྲས་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་བྱ་བར་ཤུགས་བསྣན་ནས། འགན་འཁྲི་གསལ་བོ་དང་མཐུན་སྦྱོར་གོ་རིམ་ལྡན་པ། ལྟ་སྐུལ་དོ་དམ་གཟབ་ནན་ཚད་ལྡན་ཡིན་པ། སྟོབས་དང་ལྡན་པའི་དོ་དམ་སྲུང་སྐྱོབ་ལམ་ལུགས་ལ་གཞོགས་འདེགས་བྱེད་པ་བཅས་ཀྱི་རྣམ་པ་བཟང་བོ་མངོན་དུ་འཇུག་དགོས། རིམ་པ་སོ་སོའི་ཆུ་བདག་གིས་རང་རྟོགས་སྒོས་འགན་འཁྲི་གཡོལ་མེད་ཕྲག་སྟེང་དུ་ལེན་པ་དང་ཧུར་བརྩོན་ཆེན་པོའི་བྱེད་ཕྱོགས་རང་རྒྱུད་ལ་བཅངས་ནས། དུས་རྒྱུན་ཆུ་བོའི་བཞུར་རྒྱུན་གྱི་ཁག་བགོས་ས་གནས་སུ་སོང་ནས་སྐོར་ཞིབ་བྱེད་དགོས་ཤིང་། མང་ཚོགས་ཀྱི་བསམ་འཆར་ལ་ནན་ཏན་སྒོས་ཉན་ནས། གནད་དོན་དུས་ལྟར་འདོན་པ། ལྟ་སྐུལ་ལྟ་སྒྲུབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གནད་དོན་ལེགས་སྒྲིག་བྱེད་པར་ནུས་ཤུགས་གང་ཡོད་འདོན་པ་བཅས་བྱས་མཐར། ཏན་ཏན་ཏིག་ཏིག་སྒོས་མི་དང་རང་བྱུང་ཁམས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཧུར་བརྩོན་ཆེན་པོས་ཆུ་བདག་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཉམས་མྱོང་བཟང་བོ་རྒྱུན་འཁྱོངས་གང་ལེགས་བྱེད་པ། བྱེད་ཐབས་ལ་འཚོལ་དཔྱོད་ལེགས་པོ་བྱེད་པ། གྲུབ་འབྲས་གསར་བ་སྔར་ལས་སྲ་བརྟན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྲུང་སྐྱོབ་ཁྲོད་ཞུགས་འདོད་ཀྱི་རང་རྟོགས་བསམ་བློར་སྐུལ་སློང་བྱས་ཏེ། སྡེ་ཁག་སོ་སོའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་ཏུ་བཏང་མཐར། སྤྱི་ཚོགས་ཡོངས་ཀྱི་ཆུ་བཅོས་སྐྱོང་བྱ་བ་ཡར་ལྡན་དུ་སྤེལ་བ་བརྒྱུད་དེ། གཙང་བོ་དང་ཆུ་བོའི་བྱེད་ནུས་རྒྱུན་བསྲིངས་བདེ་ཐང་ཡོང་བར་ཕན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།