མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་གཟབ་ནན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གི་ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བར་སྐུལ་འདེད་བྱེད་པའི་ཐད་སྔར་ལས་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ས་ཆ་སོ་སོས་འདུ་ཤེས་བཞི་བརྟན་པོར་བཅངས་དགོས་པ་དང་། བསྐྱུར་མི་ཉན་པ་བཞི་དང་ཤུགས་སྣོན་དགོས་པ་གསུམ། དོན་འཁྱོལ་བྱེད་དགོས་པ་དྲུག་བཅས་ཀྱི་གཏམ་བཤད་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཚད་མཐོ་བའི་ཆབ་སྲིད་ཀྱི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཀྱིས་ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བར་གྲུབ་འབྲས་དངོས་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཏང་སྲིད་འགན་ཁུར་མི་སྣས་ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བའི་འཕེལ་རིམ་སྙན་ཞུ་བྱས་པར་ཞིབ་ཏུ་ཉན་རྗེས། ཝང་ཡུས་པོ་ཡིས་བསྟན་དོན། ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པ་ནི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ནང་དོན་དང་བྱ་བའི་བླང་བྱ་གལ་ཆེན་རྒྱུན་འཁྱོངས་བྱས་པ་ཡིན་ལ། ལྟ་ཞིབ་བྱ་བའི་ཕན་འབྲས་མངོན་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་བྱེད་དགོས་པ་དང་ཚད་གཞི་མཐོ་བ་དང་རེ་བ་ནན་མོའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཚད་མཐོན་པོས་མཐོང་ཆེན་དང་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཚད་མཐོ་བའི་ཆབ་སྲིད་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཀྱིས་ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས། སྐུལ་སློང་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱི་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བ་དེ་འདུ་ཤེས་བཞི་ལ་ཞིབ་བཤེར་ བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། ཞིབ་བཤེར་ནུས་པ་དང་སྤྱོད་ཚུལ་གྱི་གལ་ཆེའི་ནང་དོན་དུ་བརྩི་དགོས། བཅོས་སྒྱུར་བྱེད་པའི་ཆོད་སེམས་བརྟན་པ་དང་འགུལ་སྐྱོད་མྱུར་ཚད་མགྱོགས་པ། བྱེད་ཐབས་བཟང་བ་བཅས་ཀྱི་སྒོ་ནས་བཅོས་སྒྱུར་བྱ་བ་བདེ་བླག་ངང་སྤེལ་བ་དང་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ལྟ་ཞིབ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བ་དེ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ཁྲོད་ཀྱི་མང་ཚོགས་ཀྱིས་ཁས་ལེན་པའི་བྱ་བ་ཞིག་དང་ལྟ་ཞིབ་ཚན་ཁག་ཡིད་ཚིམས་པའི་བྱ་བ་ཞིག མི་དམངས་མང་ཚོགས་ཡིད་ཚིམས་ཚད་དྲག་པའི་བྱ་བ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།