ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྟེང་བྱ་དགའ་ཐོབ་པའི་ལུས་རྩལ་པའི་འཐུས་མི་དང་རྩལ་འཁྲིད་པའི་འཐུས་མིར་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་མངགས་བཅོལ་ལྟར། ཟླ9བའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྟེང་བྱ་དགའ་ཐོབ་པའི་ལུས་རྩལ་པ་དང་རྩལ་འཁྲིད་པར་ཐུག་འཕྲད་བྱས། ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་དང་རྩལ་འཁྲིད་པ། ལས་བྱེད་མི་སྣ་ཡོངས་ལ་བརྩེ་བའི་མཚམས་འདྲི་བྱས་པ་དང་གྲུབ་འབྲས་བཟང་བོ་ཐོབ་པའི་ཕུལ་བྱུང་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་། དཔའ་ངར་ཆེར་སྐྱེད་བྱས་ཏེ་བསྡོམས་པས་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གསུམ། ཟངས་ཀྱི་རྟགས་མ་གསུམ་བླངས་པར་མ་ཟད། ཨང་བཞི་བ་གསུམ་དང་ཨང་དྲུག་པ་གཉིས། ཨང་བདུན་པ་གཉིས་བཅས་བླངས་ཏེ་གཅིག་དགུ་གྱ་གསུམ་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བའི་ཚུན་གྱི་གྲུབ་འབྲས་ཆེས་བཟང་བོ་ཐོབ་པ་དང་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ།

ཝང་ཅན་ཅོན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལུས་རྩལ་ལས་རིགས་ཀྱི་འཕེལ་རྒྱས་ཐད་ལ་ཚད་མཐོན་པོའི་མཐོང་ཆེན་བྱས་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་མཇལ་འཕྲད་གནང་བ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མགྱོགས་མྱུར་གྱིས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པའི་དུས་རབས་ཀྱི་འབོད་སྐུལ་བཏང་། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་སུམ་ཅུ་དང་མི་སྒེར་སུམ་ཅུར་བྱ་དགའ་ཐོབ་པ་འདི་ནི་མཚོ་སྔོན་གྱི་ལུས་རྩལ་བྱ་བའི་སྐུལ་ལྕག་གལ་ཆེན་ཞིག་ཡིན། ང་ཚོས་གཟི་བརྫིད་ལ་གཅེས་སྤྲས་དང་ཐོག་མའི་སེམས་འདུན་མི་བརྗེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་མ་འཚོག་སྔོན་དུ་སྤེལ་བའི་རྒྱལ་ནང་གི་ཆུ་ཚད་ཆེས་མཐོ་བ་དང་གཞི་རྒྱ་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལུས་རྩལ་པ་རྣམས་ཀྱིས་ཤུགས་ཆེན་པོས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་རུ་ཁག་གི་རོགས་ལས་སྙིང་སྟོབས་དར་སྤེལ་བྱས་ཏེ་མཚོ་སྔོན་གྱི་རིགས་སོ་སོའི་བུ་དང་བུ་མོར་ཡོད་པའི་བརྗིད་ཉམས་མངོན་པར་བྱས་པ་དང་། མཚོ་སྔོན་ལ་གཟི་བརྗིད་བརྩོན་ལེན་བྱས། འདི་ནི་མཚོ་སྔོན་གྱི་ལུས་རྩལ་སྙིང་སྟོབས་གཅིག་བསྡུས་ཀྱིས་མངོན་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱས་པའི་གྲུབ་འབྲས་མངོན་པ་ཡང་ཡིན། དེས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱེད་ཐུབ་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པ་དང་། སྒྱུར་བ་བཞིར་སྐུལ་འདེད་བཏང་སྟེ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་བསྡུ་བར་བསུ་མ་བྱེད་པའི་སྒང་ཡིན། ལུས་རྩལ་ནི་ཆེས་སྙིང་སྟོབས་གླེང་བའི་ལས་རིགས་ཤིག་ཡིན་པ་དང་ལུས་རྩལ་ལས་དོན་འཕེལ་རྒྱས་ལ་ནམ་ཡང་ཉམས་པ་མེད། ང་ཚོས་གཟབ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་གྱིས་ལང་ཚོ་དང་བདེ་ཐང་། གསོན་ཤུགས་མཚོན་པ་དང་། མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་བར་འབྲེལ་བ་ཡོད་པར་གསུང་བ་སོགས་ཀྱི་འབྲེལ་ཡོད་བསམ་བློའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་དགོས་པ་དང་། མི་དམངས་གཙོ་ཡིན་པའི་བསམ་བློའི་འདུ་ཤེས་རྒྱུན་འཁྱོངས་དང་ཤུགས་ཆེན་པོས་ལུས་རྩལ་ལས་རིགས་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ལུས་རྩལ་གྱི་འཕེལ་རྒྱས་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཝང་ཅན་ཅོན་གྱིས་རྒྱ་ཆེའི་ལུས་རྩལ་པ་རྣམས་ཀྱིས་ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་སྤང་བའི་སྤྱོད་ཚུལ་དར་སྤེལ་བྱེད་དགོས་པ་དང་། ཡང་འབད་བསྐྱར་འབད་དང་དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་ཡང་བསྐྱར་གྲུབ་འབྲས་བཟང་བོ་ལེན་དགོས། ཤུགས་ཆེན་པོས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ལས་རིགས་བཅོས་སྒྱུར་འཕེལ་རྒྱས་ཀྱི་འགྲུབ་འབྲས་གསར་བ་དང་ཉམས་མྱོང་གསར་བ་དྲིལ་སྒྲོག་བྱེད་དགོས་པ་དང་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་དང་མཐོང་ཆེན། རྒྱབ་སྐྱོར་བྱེད་པའི་ལུས་རྩལ་འཇོན་མི་གསོ་སྐྱོང་དང་ལས་རིགས་ཀྱི་སྣང་ཚུལ་བཟང་བོ་སྐྲུན་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་མཐུན་པའི་སྒོ་ནས་ལུས་རྩལ་པ་དང་ལུས་རྩལ་བྱ་བ་སྒྲུབ་མཁན་གྱི་བྱ་བ་དང་འཚོ་བར་ཐུགས་ཁུར་བྱེད་དགོས་པ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་ཚང་མའི་གཟི་ལྡན་གྱི་བསམ་པ་དང་བདེ་སྐྱིད་ཀྱི་ཚོར་བ་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།

བྱ་དགའ་ཐོབ་པའི་ལུས་རྩལ་པའི་འཐུས་མི་ཅི་ཞའོ་ཅིན་དང་རྩལ་ཁྲིད་པའི་འཐུས་མི་ཡོན་ཏི་ཅིག་གཉིས་ཀྱིས་གཏམ་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས་པ་དང་། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པ་གསར་བར་བརྩིས་ཏེ་མཛེས་པའི་མཚོ་སྔོན་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཡར་བསྐྱར་བྱས་རྗེས་གསར་བ་འཇོག་རྒྱུའི་ཚུལ་བསྟན། 

ཧན་ཅན་ཧྭ་ཡིས་མཉམ་དུ་ཐུག་འཕྲད་བྱས།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།