མཚོ་སྔོན་ཞིང་ཆེན་གྱི་ཉེན་ཚབས་ལས་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གནད་ཕིགས་དབུལ་སྐྱོར་ལ་རོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་ཞིང་ཆེན་ཉེན་ཚབས་ལས་རིགས་ཡར་རྒྱས་མགྱོགས་པོ་བྱུང་སྟེ་དབུལ་ཐར་དང་སྤྱི་ཚོགས་འགན་སྲུང་མ་ལག་ལ་ཞབས་འདེགས་ཞུ་བ་སོགས་ཕྱོགས་ལ་བྱས་རྗེས་མི་དམན་པ་བཞག

དབུལ་ཐར་མཁྲེགས་གཏོར་ལ་ཞབས་འདེགས་ཞུ་བའི་ཕྱོགས་ནས། མཚོ་སྔོན་ཞིང་ཆེན་གྱི་ཉེན་ཚབས་ལས་རིགས་ཀྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བདེ་ཐང་ལ་འགན་སྲུང་བྱེད་པ་དང་དབུལ་སྐྱོར་ལ་འགན་སྲུང་བྱེད་པའི་བྱ་བ་སྤེལ་བ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁ་ཤས་ཀྱི་དབུལ་ཕོངས་མི་སྣར་གློ་བུར་བའི་གནོད་འཚེའི་ཉེན་ཁའི་འགན་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་འདོན་སྤྲོད་བྱས།

སྤྱི་ཚོགས་འགན་སྲུང་མ་ལག་ལ་ཞབས་འདེགས་ཞུ་བའི་ཕྱོགས་ནས། ཉིས་སྟོང་བཅུ་གཉིས་ལོར། མཚོ་སྔོན་ཞིང་ཆེན་གྱིས་ནད་རིགས་ཚབས་ཆེན་ལ་འགན་སྲུང་བྱེད་པའི་བྱ་བ་མགོ་བརྩམས་པ་དང་། མིག་སྔའི་བར། མི་ས་ཡ་བཞི་དང་འབུམ་ལྔ་ཁྲི་བདུན་སྟོང་བདུན་ཉིས་བརྒྱར་ནད་རིགས་ཚབས་ཆེན་གྱི་འགན་སྲུང་བྱས་པ་དང་། ནད་ཚབས་ཆེན་གྱི་འགན་སྲུང་ཞབས་ཞུའི་ཆུ་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་ལ། རྒྱལ་ཡོངས་ནས་ཐོག་དང་པོར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཚོང་ལས་ཉེན་ཚབས་ལས་ཁུངས་ཀྱིས་མཁར་གྲོང་སྡོད་དམངས་ལ་གཞི་རྩའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་མངོན་འགྱུར་བྱས།   །
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།