མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཅན་གྱི་མང་ཚོགས་ལ་དགུན་ཁའི་དྲོད་འདོན་ཁ་གསབ་སྒོར་དུང་ཕྱུར་གཅིག་བྱེ་བ་དྲུག་བྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་དུས་སྐྱེལ་བར་ཁག་ཐེག་བྱེད་ཆེད། ད་ལོའི་ལོ་འགོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། མཚོ་སྔོན་ཞིང་ཆེན་གྱིས་གོམ་གང་མདུན་སྤོས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་དྲོད་འདོན་རོགས་སྐྱོབ་ཚད་གཞི་མཐོ་རུ་བཏང་བར་མ་ཟད།ཞི ང་སྡེ་ཡི་དཀའ་ངལ་ཅན་གྱི་མང་ཚོགས་ལ་ཁ་གཏད་པའི་དྲོད་འདོན་རོགས་སྐྱོབ་ལམ་ལུགས་བཙུགས། དེའི་ནང་དུ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་གསོ་སྐྱོང་མི་སྣའི་དྲོད་འདོན་རོགས་སྐྱོར་ལོ་རེ་ལ་སྒོར་ཉིས་བརྒྱ་ལྔ་བཅུས་མང་དུ་བཏང་སྟེ་ལོ་རེ་ལ་ཁྱིམ་རེར་སྒོར་སྟོང་གཅིག་གི་འཆར་བཀོད་ལྟར་སྟེར་རྒྱུ་རེད། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཞིང་སྡེའི་དཀའ་ཁག་ཆེ་བའི་གསོ་སྐྱོང་མི་སྣའི་དྲོད་འདོན་རོགས་སྐྱོབ་ནི་ལོ་རེ་ལ་ཁྱིམ་རེར་སྒོར་བརྒྱད་བརྒྱ་ཡི་འཆར་བཀོད་ལྟར་སྟེར་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་དགུན་ཁའི་དྲོད་འདོན་རོགས་སྐྱོབ་སྲིད་ཇུས་ནི་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་འབུམ་གཉིས་ཁྲི་གཉིས་དང་དཀའ་ངལ་ཅན་གྱི་མི་འབུམ་ལྔ་ཁྲི་བརྒྱད་སྟོང་གསུམ་ལ་ཁྱབ་ཡོད་ལ། འཆར་གཞི་ལྟར་ན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་སྟེར་རྒྱུ་རེད།

ད་ལོའི་ཟླ་དགུ་པའི་ཟླ་འགོར། ཞིང་ཆེན་དམངས་སྲིད་ཐིན་གྱིས་དུས་ལྟར་དཀའ་ངལ་ཅན་གྱི་མང་ཚོགས་ལ་དྲོད་འདོན་རོགས་སྐྱོར་བྱེད་པའི་བརྡ་སྦྱོར་སྤེལ་ཏེ། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དཀའ་ངལ་ཅན་གྱི་མང་ཚོགས་ལ་དྲོད་འདོན་རོགས་སྐྱོར་བྱེད་པའི་བྱ་བ་གཙིགས་སུ་བཟུང་ནས། ཕྱོགས་ཡོངས་ནས་དྲོད་འདོན་རོགས་སྐྱོབ་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་ཟླ་བཅུ་པའི་ཚེས་བཅོ་ལྔའི་སྔོན་དུ་རོགས་དངུལ་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱེད་དགོས་པའི་རེ་བ་ནན་མོ་བཏོན།

ད་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ་བཅས་སུ་དགུན་གྱི་དྲོད་འདོན་རོགས་དངུལ་སྟེར་བའི་བྱ་བ་ལེགས་འགྲུབ་བྱུང་ཡོད་ལ། བསྡོམས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཁྲི་དགུ་སྟོང་བརྒྱད་དགུ་བརྒྱ་ལ་རོགས་དངུལ་སྒོར་བྱེ་བ་བརྒྱད་ས་ཡ་དྲུག་འབུམ་བརྒྱད་ཁྲི་དྲུག་ལྷག་བཏང་ལ། ད་དུང་རོགས་དངུལ་མ་འབྱོར་བའི་ས་གནས་གཞན་ལ་ཉིན་འདི་འགར་རོགས་དངུལ་སྟེར་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།