དུས་ཚིགས་གཉིས་པར་མཚོ་སྔོན་ཞིང་ཆེན་ལ་ཡུལ་སྐོར་དུ་ཡོང་བའི་མི་གྲངས་ས་ཡ་ལྔ་ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཆ་འཕྲིན་དོ་དམ་ཅུའུ་གཉིས་དང་མཉམ་འབྲེལ་སྒོས་བསྡོམས་རྩིས་དང་ཆ་འཕྲིན་ལག་རྩལ་བྱེད་ཐབས་སྤྱད་དེ་འཁོར་སྐྱོད་ཚོང་གཉེར་སྡེ་ཁག་ཆེན་པོ་གསུམ་གྱིས་འདོན་སྤྲོད་བྱས་པའི་རྨང་གཞིའི་གཞི་གྲངས་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཡུལ་སྐོར་གཞི་གྲངས་ཆེན་པོའི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས། སྙན་ཞུ་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་དུས་ཚིགས་གཉིས་པར་ཞིང་ཆེན་གཞན་ནས་མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་མཁན་གྱི་མི་གྲངས་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་དགུ་ལྷག་ཡོད།

ཡུལ་སྐོར་བའི་ཡོང་ཁུངས་ཐད་ནས་བལྟས་ན། ཀན་སུའུ་དང་སི་ཁྲོན། ཧི་ནན། ཧྲན་ཞི། ཞིན་ཅང་སོགས་ནས་ཡོང་བའི་ཡུལ་སྐོར་ཅུང་མང་བ་ཡིན། ཀན་སུའུ་དང་སི་ཁྲོན། མཚོ་སྔོན་བཅས་ཀྱི་རི་ཆུ་འབྲེལ་ནས་ཡོད་པ་དང་ལམ་ཐག་ཐུང་ལ། འགྲིམ་འགྲུལ་སྟབས་བདེ་ཡིན་པས་ཀན་སུའུ་དང་སི་ཁྲོན་གཉིས་ནི་མཚོ་སྔོན་གྱི་ཡུལ་སྐོར་བའི་ཡོང་ཁུངས་གཅོ་བོ་ཡིན། ཧི་ནན་དང་ཧྲན་ཞི། ཞིན་ཅང་སོགས་མཚོ་སྔོན་དང་བར་ཐག་ཅུང་རིང་ན་ཡང་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་དུས་ཡུན་རིང་བོའི་ལོ་རྒྱུས་དང་ཆོས་ལུགས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཁོ་ཚོའི་ཡིད་དབང་བཀུག་པ་དང་། དེ་མིན། ཉེ་བའི་ལོ་འགའི་རིང་ལ། མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་དམངས་སྤྱོད་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་སོང་བ་དང་བསྟུན་ས་ཁུལ་བར་གྱི་ལམ་ཐག་ཇེ་ཉེར་བཏང་སྟེ་མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་བའི་མི་གྲངས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད།   །
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།