ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་མཉམ་དུ་བཞུགས་མོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ནང་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་ལྷན་དུ་བཞུགས་མོལ་བྱས་ཏེ། དེ་གའི་བློ་མཐུན་རྣམས་དང་ལྷན་དུ་ཏང་ཞུགས་མནའ་ཚིག་བསྐྱར་སྒྲོག་བྱས། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཏང་ཞུགས་མནའ་ཚིག་ཡིད་ལ་འཛིན་རྒྱུ་ནི་དཀའ་མོ་ཞིག་མིན་ནའང་། མི་ཚེ་གང་བོར་ཏང་ཞུགས་མནའ་ཚིག་སྲུང་རྒྱུ་ནི་ཧ་ཅང་དཀའ་མོ་ཡིན་པར་གདམས་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་ཞུགས་མནའ་ཚིག་ཡིད་ལ་དམ་པོར་ཉར་ནས་ལག་ལེན་ལ་བསྟར་དགོས་པར་མ་ཟད། ཐོག་མའི་སེམས་འདུན་མི་བརྗེད་པར་བྱེད་པ་དང་འོས་འགན་ཡིད་ལ་དམ་པོར་ཉར་བ། ཕུགས་བསམ་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། དགོངས་སྙིང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འདུ་ཤེས་བཞི་ཡིད་ལ་འཇགས་པར་བྱེད་པ། དུས་རྟག་པར་གུང་ཁྲན་ཏང་མིའི་རང་གཤིས་སྙིང་ལ་བཅངས་པ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཚང་མ་མཐུན་སྒྲིལ་ཡོང་བར་སྣེ་ཁྲིད་བྱེད་པ། དཀའ་སྤྱད་མདུན་སྐྱོད་བཅས་ལ་བརྩོན་མཐར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་འདི་ཉིད་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པར་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་མགྱོགས་མྱུར་ངང་བསྐྲུན་པར་འབད་འབུངས་ཧུར་ཐག་བྱེད་དགོས་ཞེས་བསྟན།

བཞུགས་མོལ་བྱ་བའི་སྟེང་དུ་ཝང་ཡུང་དང་མཱ་ཧེ་ཡུན། ལིག་ཏ་ཡེ། ཝུའུ་ཝེ། ལིག་ཧའོ་ཉན། ཁྲིན་ཀང་། སུའུ་ཏུང་ཆུས། ཅི་ཧོས་སོགས་བློ་མཐུན་གྱིས་སྔ་གཞུག་བྱས་ཏེ་གཏམ་བཤད་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་ལས་བྱུང་བའི་ངོས་ཟིན་ཟབ་མོ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་ལས་བྱུང་བའི་བསམ་བློ་དང་བྱེད་ཐབས་གླེང་། ཝང་གོ་ཧྲིན་གྱིས་ཀྱང་སྐབས་དང་སྐབས་སུ་བཏོན་ནས། ཀུན་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་དང་འཆར་འགོད་འཐེན་པ། བསམ་བློ་བརྗེ་རེས་བཅས་བྱས།

ཝང་གོ་ཧྲིན་གྱིས་བཞུགས་མོལ་ཁྲོད་དུ་བློ་མཐུན་རྣམས་དང་ལྷན་དུ་ཏང་ཞུགས་མནའ་ཚིག་བསྐྱར་སྒྲོག་བྱས། ཁོས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་དང་པོ་ཚོགས་ས་ནས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དེ་ཉིད། གུང་ཁྲན་ཏང་མིའི་ཏང་གཤིས་བརྟན་པོ་སྦྱོང་བརྡར་བྱེད་པའི་དངོས་ཡོད་ལག་ལེན་དུ་བསྒྱུར་ནས། ཏང་ཞུགས་མནའ་ཚིག་ལག་ལེན་ལ་བསྟར་དགོས་པ་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་ནན་མོ་བྱས་ཏེ། ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བྱེད་པ་དང་། ཚད་གཞི་དང་ཇུས་ཆོད་གཉིས་ལ་སློབ་སྦྱོང་བྱེད་པ་བཅས་ཟུང་དུ་སྦྲེལ་ནས། སྒྲིག་ལམ་བཟང་བོ་དང་སྔོན་སྐྱོད་སྣང་བརྙན་བསྐྲུན་ནས། མི་དམངས་མང་ཚོགས་དང་ལྷན་དུ་བདེན་འཛིན་བདེན་གཉེར་བྱེད་དགོས། ང་ཚོས་དུས་རྟག་པར་གུང་ཁྲན་ཏང་ཡོན་གྱི་ཚད་གཞི་བཟུང་ནས་རང་ཉིད་ལ་བླང་བྱ་ནན་མོ་འདོན་དགོས་ཤིང་། ཏང་གི་སྒྲིག་ཡིག་དུས་རྒྱུན་པར་སེམས་གཏིང་དུ་ཉར་ནས། བར་མ་ཆད་པའི་སྒོ་ནས་ཚོད་བགམ་དང་ལེན་བྱེད་པ་དང་། ཏང་གཤིས་ཇེ་བརྟན་དུ་གཏོང་རྒྱུ་སྦྱོང་བརྡར་བྱས་མཐར། ཐོག་མཐའ་བར་གསུམ་ཀུན་ལ་ཏང་དང་མི་དམངས་དང་གཅིག་སེམས་གཅིག་སྦྲེལ་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པར། ཅིས་ཀྱང་སློབ་སྦྱོང་མཐར་ཕྱིན་བྱེད་འདོད་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། ཁ་གཏད་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། མར་ཁེ་སི་རིང་ལུགས་བདེན་དོན་གྱི་འཚོལ་སྙེག་དྲག་པོ་ཡིད་ལ་བཅངས་ནས། སྦྱངས་ནས་བྱང་བར་བྱེད་པ་དང་བདེན་སྒྲུབ་ཀྱི་སྟེང་དུ་དུས་ཚོད་མང་པོ་གཏོང་དགོས། ཧུར་བརྩོན་ཆེན་པོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྲོད་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་ལ་ངོས་འཛིན་བྱེད་དགོས་ཟེར།

ལིའུ་ཉིན་དང་ཀྲང་ཞི་མེན། ཝང་ཡུས་ཡན། ཡུས་ཚུང་ལི་བཅས་བཞུགས་མོལ་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།