གཙང་གསུམ་འབྱུང་ཡུལ་དུ་རི་སྐྱེས་སྲོག་ཆགས་རྩ་ཆེ་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་དོངས་རྩད་ཞིབ་སྐབས་ཚན་རིག་ཞིབ་འཇུག་མི་སྣས་ཐིག་དམར་བརྙན་ལེན་པར་ཆས་ལྟ་ཞིབ་ཚད་ལེན་ལས་ཤེས་རྟོགས་བྱུང་བ་ལྟར་ན།ཉེ་བའི་ལོ་གཅིག་རིང་ལ། གཟིག་དང་འཕར་བ།  སྲེག་དམར།  ཆུ་སྲམ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེ་མང་པོ་སྔ་གཞུག་སྒོས་གཙང་གསུམ་འབྱུང་ཡུལ་ནས་མཐོང་ཐུབ་བྱུང་།

ད་ལོའི་ལོ་མགོ་ནས་བཟུང་། འབྲི་ཆུའི་ཉིང་ལག་གི་འབབ་རྒྱུད་དུ་ཚན་རིག་ཞིབ་འཇུག་པས་ལྟ་ཞིབ་ཚད་ལེན་སྐབས་ཐིག་དམར་བརྙན་ལེན་པར་ཆས་གཟིག་དང་སྲེག་དམར་སྔ་གཞུག་ཏུ་ཕབ་ལེན་བྱས་པ་མངོན། རྨ་ཆུའི་མགོ་ཁུངས་ས་ཁུལ་ཏེ་ནང་ཆེན་རྫོང་དང་རྫ་སྟོད་རྫོང་གི་འབྲོག་མི་ལྟ་ཞིབ་ཚད་ལེན་པས་ཐིག་དམར་བརྙན་ལེན་པར་ཆས་དང་མི་ཡིས་པར་ལེན་པ་བཅས་ཀྱི་སྒོ་ནས་པར་མིག་འདྲ་མིན་གྱིས་གཟིག་དང་ཆུ་སྲམ་འཚོ་སྡོད་བྱེད་པ་པར་བླངས་འདུག

གོང་གི་སྲོག་ཆགས་འདི་དག་ཚང་མ་འཛམ་གླིང་སྐྱེ་ཁམས་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉེན་བཅར་སྲོག་ཆགས་རིགས་ཀྱི་གྲས་སུ་རྩིས་ཡོད་ཅིང་། ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་རེད། དུས་ཡུན་རིང་པོར་གཙང་གསུམ་འབྱུང་ཡུལ་དུ་རི་སྐྱེས་སྲོག་ཆགས་ལ་ཞིབ་འཇུག་བྱེད་པའི་པེ་ཅིང་སློབ་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཞའོ་ལིན་ཡོན་གྱིས་བཤད་རྒྱུར། སྲོག་ཆགས་འདི་དག་གཙང་གསུམ་འབྱུང་ཁུངས་ས་ཁུལ་དུ་བསྟུན་མར་མཐོང་བྱུང་བ་དེས་ས་ཁུལ་འདིའི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་རིན་ཐང་མངོན་ཐུབ་ཅིང་། གཏིང་ཟབ་པའི་སྒོ་ནས་སྲོག་ཆགས་རྩ་ཆེ་འཚོ་སྡོད་ཁོར་ཡུག་དང་གོམས་ལོབས་ལ་རྒྱུས་ལོན་དང་སྲུང་སྐྱོབ་བྱ་བར་རྨང་གཞི་བསྐྲུན་ཟེར།

ཞའོ་ལིན་ཡོན་བསམ་ཚུལ་ལྟར་ན། ཉེ་བའི་ལོ་ཤས་རིང་སྐྱེ་དངོས་སྣ་མང་ལ་སྲུང་སྐྱོབ་བྱེད་པར་ཤུགས་བརྒྱབ་པ་དང་བསྟུན་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པར་ཕྱིན་ཅིང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་ངང་གིས་སླར་གསོ་དང་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་ཆགས། དེ་ལས་གཞན་སྔར་ལས་འཐུས་ཚང་དུ་འགྲོ་བཞིན་པའི་གཞི་རིམ་དྲ་རྒྱའི་ལྟ་ཞིབ་ཚད་ལེན་གྱིས་ཀྱང་སྲོག་ཆགས་རྩ་ཆེ་ཁྱབ་ཚུལ་འཚོལ་ཞིབ་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཅིང་། གསབ་སྦྱོང་བཟང་པོ་བྱས་པ་བརྒྱུད་འབྲོག་པ་མང་ཚོགས་ཀྱིས་མ་འོངས་པར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྲོད་གཞི་གྲངས་འཚོལ་བསྡུ་ལ་ནུས་པ་བླ་ལྷག་ཐོབ།

གོང་གི་སྲོག་ཆགས་རིགས་འདི་དག་ལས་གཞན་གསའ་ཡང་གཙང་ཡུལ་འབྱུང་ཡུལ་ནས་མང་དུ་མཐོང་བྱུང་ལ། ཟླ9པའི་ཚེས20ཡར་སྔོན་ལ། འབྲོག་མི་ལྟ་ཞིབ་ཚད་ལེན་པས་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་ཁྱབ་ཁོངས་ནས་སྔ་གཞུག་ཏུ་གསའ10ལྷག་ཡོད་པ་མཐོང་བྱུང་། རབ་ཐེངས་གཉིས་ཀྱི་འཛམ་གླིང་གསའ་ཡི་ཚོགས་འདུ་ཐོག་གཙང་གསུམ་འབྱུང་ཡུལ་ཉིད་རིག་གཞུང་ལས་རིགས་ཀྱིས་བསྟུན་མར་སྒོས་འཛམ་གླིང་གི་གསའ་མང་པོ་ཡོད་པའི་ཁྱབ་ཚུལ་ཆེ་ཤོས་དང་རིགས་ཁྱུའི་གྲངས་འབོར་འཕར་བ་མགྱོགས་ཤོས་ཀྱི་ས་ཁོངས་སུ་རྩིས།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་སུའུ་དབྱང་གིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་ནི་ཀྲུང་གོའི་གྲངས་འབོར་ཉུང་བའི་གཅན་གཟན་ཆེ་གྲས་གཅིག་ཟས་གཅིག་བརྟེན་བྱེད་པའི་རྣམ་པ་མཚོན་བྱེད་ལྟ་བུ་ཡིན་ལ། རང་རྒྱལ་གྱི་གཅན་གཟན་རིགས་ཕུན་སུམ་ཚོགས་པའི་ས་ཁོངས་གྲས་ཀྱང་ཡིན་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།