མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་འཆད་ཁྲིད་སྐབས་བཅུ་དགུ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཚེས་བཅུ་གསུམ་ཉིན་སྲིད་གྲོས་འཆད་ཁྲིད་སྐབས་བཅུ་དགུ་པ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཐེན་ཅིན་ནོར་སྲིད་སློབ་ཆེན་གྱི་ཉེ་རབས་དང་དེང་རབས་བཅའ་ཁྲིམས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། འབུམ་རམས་པའི་དགེ་རྒན་ཧུ་ཞིན་དབྱི་གདན་དྲངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ཕུགས་བསམ་དང་དོན་དངོས་ཞེས་པའི་འཆད་ཁྲིད་བྱེད་དུ་བཅུག ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་རིན་ཧྥིན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་མཱ་ཁྲང་ཆིན་དང་ཀྲང་ཧྲུག་ཁྲིན། གཟིམ་ཁང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཁ་ཤས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་འགན་ཁུར་པ། ཞིང་ཆེན་སྲིད་གྲོས་ཁྲིམས་འཛུགས་གྲོས་མོལ་རིག་མཛོད་ཀྱི་ཆེད་མཁས་པ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་བཅས་ཀྱིས་འཆད་ཁྲིད་ལ་ཉན།

འཆད་ཁྲིད་བྱེད་སྐབས་དགེ་རྒན་ཆེན་མོ་ཧུ་ཞིན་དབྱི་ཡིས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ཕུགས་བསམ་དང་དོན་དངོས་ཞེས་པ་ཁ་ཡིག་བྱས་ཏེ། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་འགན་དང་དམིགས་འབེན་འགྲེལ་བཤད་གསལ་པོ་བྱས་པ་དང་། དེང་སྐབས་ཀྲུང་གོའི་ཁྲིམས་ལུགས་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་མ་ཟད། ཇི་ལྟར་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ནས་བསམ་ཚུལ་གླེང་།

འཆད་ཁྲིད་མཇུག་རྫོགས་རྗེས། ཚང་མས་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པས་ཚང་མས་བློ་སྒོ་ཕྱེས་ལ། ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་རྒྱལ་ཁབ་ཕྱོགས་ཡོངས་ནས་ཁྲིམས་བཞིན་སྐྱོང་བར་སྔར་ལས་ཆ་རྒྱུས་ཡོད་པར་གྱུར་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཡིད་ཆེས་སྔར་ལས་བརྟན་པོ་ཡོད་པར་གྱུར་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།