ཝང་ཅན་ཅུན་གྱིས་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མགོ་ལོག་ཁུལ་རྟ་བོ་ས་ཁུལ་དུ་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་འཛིན་པ། རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བ་རོལ་བའི་རེ་སྒུག་གསར་པར་བསྟུན་པ་བཅས་བྱས་ཏེ། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བཟང་པོ་དང་དོ་དམ་བཟང་པོ། འཁོར་སྐྱོད་བཟང་པོ་བཅས་བྱས་ཏེ་ཕན་འབྲས་སྔར་ལས་ཆེན་པོ་འདོན་དུ་བཅུག་ནས། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

སྤྱིའི་རིང་ཚད་ལ་སྤྱི་ལེ་སུམ་བརྒྱ་དང་གྱ་དགུ་ཡོད་པའི་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ཞིན་ཅང་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་སྦྲེལ་ལམ་ཆེན་པོ་དང་། མཚོ་སྔོན་གྱི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཡིན། ཉིན་དེའི་སྔ་དྲོར། ཝང་ཅན་ཅུན་གྲང་ངར་གྱི་ཁྲོད་དུ་རྟ་བོ་རིན་ལེན་ས་ཚིགས་སུ་སོང་ནས། མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གཉེར་དང་ལྟ་སྐུལ། ལག་རྩལ་ཞབས་ཞུ། ཉམས་གསོ། ལམ་སྲིད། རིན་ལེན། འགྲིམ་འགྲུལ་ཉེན་རྟོག་སོགས་ལས་ཁུངས་ཀྱི་ལས་བཟོ་པའི་འཐུས་མི་ལ་ལག་འཇུ་བྱས་ཏེ་ཁོ་ཚོར་བརྩེ་བའི་འཚམས་འདྲི་ཞུས། ཝང་ཅན་ཅུན་གྱིས་བཤད་རྒྱུར། དེ་རིང་ངས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་སྐྱོད་པ་དེས་མགོ་ལོག་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་པར་བྱས་པ་དང་། མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་ཡོངས་ལ་མྱུར་བགྲོད་གཞུང་ལམ་ཡོད་པའི་དམིགས་འབེན་མངོན་འགྱུར་བྱས་པས། དོན་སྙིང་ཧ་ཅང་གལ་ཆེན་ལྡན། ལོ་རྒྱུས་མཇུག་རྫོགས་ས་ནི་མདུན་སྐྱོད་ཀྱི་ལམ་གསར་པ་ཞིག་ཏུ་སྐྱོད་འགོ་བརྩམས་པ་ཡང་ཡིན་པས། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་རེ་བ་ལྟར། སྙིང་སྟོབས་ཆེར་སྐྱེད་དང་ཡང་འབད་བསྐྱར་འབད་ཀྱིས་འགོ་ཚུགས་ས་གསར་པའི་སྟེང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བཟང་པོ་དང་དོ་དམ་བཟང་པོ། འཁོར་སྐྱོད་བཟང་པོ་བཅས་བྱས་ཏེ། མྱུར་བགྲོད་གཞུང་ལམ་ལ་ཕན་འབྲས་སྔར་ལས་ཆེན་པོ་འདོན་དུ་འཇུག་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དེ་འགྲིམ་འགྲུལ་ལས་དོན་གྱི་འཕེལ་རྒྱས་དང་ཟུང་སྦྲེལ་བྱེད་པ་དང་། འགྲིམ་འགྲུལ་འཕེལ་རྒྱས་དེ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཐབ་ཇུས་སོགས་ཀྱི་ཁྲོད་དུ་འདྲེས་པར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་འགྲིམ་འགྲུལ་བྱ་བར་ཇུས་འགོད་བྱས་ནས། ལོ་ཧྲིལ་པོའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལས་འགན་ཡོངས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། གཙོ་གནད་འཛིན་པ་དང་ཞན་ཆ་གསབ་སྟེ། མི་དམངས་མང་ཚོགས་ཀྱི་འགྲིམ་འགྲུལ་ཐད་ཀྱི་བདེ་སྐྱིད་ཚོར་སྣང་དང་བདེ་འཇགས་ཚོར་སྣང་ཇེ་ཆེར་གཏོང་དགོས་ཟེར།

ཧན་ཅན་ཧྭ་ཡིས་མཉམ་དུ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།