ཝང་ཡུས་པོ་ཡིས་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཞིང་ཆེན་རྩིས་བཤེར་ཐིན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཁྲིམས་ལྟར་རྩིས་བཤེར་ལས་དོན་དམ་པོར་འཛིན་པ་དང་མངོན་བསྒྲགས་གནད་དོན་ལ་དོ་སྣང་ཤུགས་ཆེན་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་བར་འགན་སྲུང་ལེགས་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བས་གནད་ས་དཀྱིལ་སྙིང་དུ་བཟུང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་བསྒྲུབས་པའི་ཁྲོད་ནས་བྱེད་ནུས་གལ་ཆེན་བཏོན་པར་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། རྩིས་བཤེར་བྱ་བ་ནི་དཔལ་འབྱོར་གོ་རིམ་ལ་སྲུང་སྐྱོབ་བྱེད་པའི་འགན་སྲུང་ལམ་ལུགས་ཤིག་ཡིན་པ་དང་། སྲིད་གཙང་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བའི་ལག་ཆ་རྨ་མེད་པ་ཞིག་ཀྱང་ཡིན། རྩིས་བཤེར་གྱི་ངོ་བོ་ནི་ལྟ་སྐུལ་ཡིན་པས། རྩིས་བཤེར་གྱི་རྣམ་པ་བཟང་བོ་དང་ཆོས་ཉིད་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས། སྒྱུར་བ་བཞི་དཀྱིལ་སྙིང་དུ་བཟུང་བ་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། རྩིས་བཤེར་ལྟ་སྐུལ་ཁྱོན་ཡོངས་ཅན་དང་གཏིང་ཟབ་ཅན། སྟོབས་ལྡན་ཅན་བཅས་སུ་བསྒྱུར་བར་འབད་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་མ་ལག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྲོད་བཏོན་པའི་ཆབ་སྲིད་ཀྱི་གོ་གནས་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ནི། རྩིས་བཤེར་བྱ་བའི་འགན་འཁྲི་ཡིན་པར་ངོས་ཟིན་ཡང་དག་འདྲོངས་དགོས། བར་མ་ཆད་པའི་སྒོ་ནས་ཁྱབ་ཁོངས་གཙོ་བོའི་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྲིད་ཇུས་གལ་ཆེན་དངོས་འབེབས་ལེགས་པོ་བྱས་ཏེ། སྤྱི་བའི་མ་དངུལ་བཀོལ་སྤྱོད་ཕན་འབྲས་ཀྱི་རྩིས་བཤེར་ལྟ་སྐུལ་བྱ་བ་དམ་པོར་བཟུང་མཐར། དབུལ་སྐྱོར་དང་སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་ཚིས་རྩིས་བཤེར་གལ་ཆེན་ལ་འགན་སྲུང་ཡོད་པར་བྱེད་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བྱ་བ་གཏིང་ཟབ་དུ་སྤེལ་ནས། ཆེད་ལས་དགེ་མཚན་རྩལ་དུ་འདོན་དགོས་ཤིང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཐེར་འདོན་ནན་མོ་བྱེད་དགོས། རྨང་རྐང་བརྟན་པོའི་སྒོ་ནས་རྩིས་བཤེར་ལས་དོན་ཡར་ལྡན་དུ་སྤེལ་ནས། ས་གནས་རྩིས་བཤེར་ལས་ཁུངས་ཀྱི་མི་དང་རྒྱུ་ནོར་གྱི་དོ་དམ་བཅོས་སྒྱུར་གྱིས་ཁྱོན་ཡོངས་ཁེབས་པར་བྱེད་པ་དང་། ལག་རིགས་ཅན་འཛུགས་སྐྲུན་ཁེབས་པར་བྱས་ཏེ། རྩིས་བཤེར་བྱེད་ཐབས་དང་རྩིས་བཤེར་ཕན་འབྲས་ཀྱི་བཀོལ་སྟངས་གསར་གཏོད་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།