ཝང་ཅན་ཅོན་གྱིས་རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ཤུགས་ཀུང་ཟི་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིར་སོང་སྟེ། གློག་ཤུགས་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་སྒྲུབ་པ་དང་ནུས་ཁུངས་གསར་བའི་གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་པའི་ཁྲོད་སྣེ་ཁྲིད་བྱེད་པ་དང་། ནུས་ཁུངས་གསར་བའི་གཞི་གྲངས་ཆེན་པོའི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ལས་རིགས་ཆེས་བཟང་བོ་སྐྲུན་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅོན་སོགས་ཞིང་ཆེན་གློག་ཤུགས་ཀུང་ཟིའི་དཔལ་འབྱོར་ལག་རྩལ་ཞིབ་འཇུག་ཁང་གི་ནུས་ཁུངས་གསར་བའི་གཞི་གྲངས་ཆེན་པོའི་ལྟེ་གནས་སུ་སོང་སྟེ། ལྟེ་གནས་འཕེལ་རྒྱས་དང་འཁོར་རྒྱུག ལག་རྩལ་ཚོད་བཟོ་གསར་སྤེལ། མ་ལག་གསར་གཏོད། ཐོན་སྐྱེད་འཁོར་རྒྱུག་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཞིང་ཆེན་གློག་ཤུགས་ཀུང་ཟི་ནས་གློག་ཤུགས་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་སྒྲུབ་པའི་གནས་ཚུལ་ཡར་ཞུ་ལ་ཉན།

ཝང་ཅན་ཅོན་གྱིས་ཐོག་མར་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཚབ་བྱས་ཏེ། རྒྱལ་ཁབ་གློག་དྲས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཁྲེགས་གཏོར་བྱ་བ་ཆེན་པོ་གསུམ་ནང་གི་གཅིག་ཡིན། མཚོ་སྔོན་དུ་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་བཅོ་ལྔ་ཡོད། དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པ་ནི་ཧ་ཅང་གལ་ཆེ་ལ། རྒྱལ་ཁབ་གློག་དྲས་སྣེ་ཁྲིད་ཀྱི་འགོ་བཟང་བོ་ཞིག་བཙུགས་པས། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་མྱུར་དུ་སྒྲུབ་ཐུབ་པ་དེ་རྒྱལ་ཁབ་གློག་དྲས་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། གཞི་གྲངས་ཆེན་པོའི་ཐོན་ལས་ནི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་མཚོན་པའི་ཐོན་ལས་ཤིག་ཡིན་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པའི་མཚོ་སྔོན་དུ་ནུས་ཁུངས་གསར་བའི་གཞི་གྲངས་ཆེན་པོའི་ལྟེ་གནས་ཞིག་བཙུགས་པ་དེར་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ལ་དགའ་འོས་པའི་དོན་དག་ཅིག་རེད་ཟེར། ཁོས་རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཀུང་ཟི་ཡིས་ཐོན་ལས་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་རིགས་ཆེས་བཟང་བོ་ཞིག་ཏུ་བསྐྲུན་ཏེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་རྟེན་གལ་ཆེན་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

ཝང་ཡུས་པའོ་དང་ཝང་ལིས་མེན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།