2017ལོར་མཚོ་ཤར་གྲོང་ཁྱེར་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར41ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་སྔའི་བར་དུ། མཚོ་ཤར་གྲོང་ཁྱེར་གྱིས་ཁྱོན་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1113.5སྣེ་ལེན་བྱས་པ་དང་། ལོ་འཁོར་གྱི་འཆར་གཞིའི་མི་གྲངས་ཁྲི1100གི་བརྒྱ་ཆའི101.2དང་། དུས་མཉམ་ལས་བརྒྱ་ཆའི21.3གྱིས་འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར41.22ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི22.6གིས་འཕར་ཡོད། ཡུལ་སྐོར་མ་འཇོག་སྒོར་དུང་ཕྱུར37ལེགས་འགྲུབ་བྱས།

ད་ལོའི་ཚུན་ལ། མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་སྐོར་བཀོད་པ་ལེགས་སྒྲིག་དམ་འཛིན་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། རྩེར་སོན་ལམ་ཐིག་དང་ཡུལ་སྐོར་ལྗོངས་ཁུལ་གྱི་སྣང་བརྙན་ལེགས་པོ་བཏོད། དེ་ལས་གཞན། རིག་གནས་དང་ཐོན་ལས། སྐྱེ་ཁམས། འགྲིམ་འགྲུལ་སོགས་ཀྱི་ཐོན་ཁུངས་གཅིག་སྡུད་བྱས་པ་བརྒྱུད་དེ། བརླན་སའི་སྤྱི་གླིང་དང་དལ་བའི་མ་ལག་སོགས་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་རིག་གནས་ཡུལ་སྐོར་འགྲེམ་སྟོན་ཉམས་ལེན་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་སྐུལ་འདེད་བྱས་པ་རེད།

གྲོང་ཁྱེར་དང་གཙོ་གནད་གྲོང་བརྡལ་དང་ཡུལ་སྐོར་ལྗོངས་ཁུལ་བཅས་ཀྱི་ཆུ་འདྲེན་དང་ཕྱོགས་བསྡུས་དྲ་བ། གློག་ཤུགས་འཕྲིན་གཏོང་། བཙོག་ཆུ། གད་སྙིགས་ཐག་གཅོད། བདེ་འཇགས། མེ་ཟོན་བཟོ་འགོད་དང་ལྗང་སྒྱུར། མཛེས་བཟོ་སོགས་རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུའི་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། ལྗོངས་ཁུལ་གྱི་དོ་དམ་འགན་ནུས་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་དང་། ཡུལ་སྐོར་ཕྱོགས་བསྡུས་དོ་དམ་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། མཚོ་ཤར་གྱི་དམངས་སྲོལ་རྟེན་རྫས་བཤམས་སྟོན་ཁང་གི་རྩ་བའི་གཞི་འཛིན་ས་ཞེས་པ་སྒྲིག་བཟོ་བྱས་ཤིང་། གཞོང་ཐང་གོང་འོག་ས་ཁུལ་གསུམ་གྱི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་དང་། སྣ་མང་རིག་གནས་ཡུལ་སྐོར་ཐོན་ཁུངས། དེ་མིན་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས། འགྲིམ་འགྲུལ་ཐད་ཀྱི་ཆ་རྐྱེན་འཛོམས་པོ་སོགས་ལ་བརྟེན་ནས། གོང་འོག་ས་ཁུལ་གསུམ་གྱི་ཡུལ་སྐོར་འཆར་འགོད་སྒྲིག་བཟོའི་ལས་དོན་སྤེལ་བ་དང་། མཚོ་སྔོན་ཁང་ཏ་ལྗོངས་ཁུལ་གྱི་སྤྱིའི་འཆར་འགོད་ཀྱི་ཞིབ་དཔྱད་ལས་དོན་ལེགས་འགྲུབ་བྱས།

ད་སྔར། མཚོ་ཤར་གྲོང་ཁྱེར་ཡོངས་སུAརིམ་པའི་ལྗོངས་ཁུལ22ཡོད་པ་དང་། དེའི་ཁྲོད་ཀྱི5Aརིམ་པའི་ལྗོངས་ཁུལ1དང་། 4Aརིམ་པའི་ལྗོངས་ཁུལ2། ཞིང་སྡེའི་ཡུལ་སྐོར་སྣེ་ལེན་གནས840། ཡུལ་སྐོར་ལས་མི་ཁྲི1.9ལྷག་ཡོད་པ་རེད། མཚོ་ཤར་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་དར་འཕེལ་རྒྱས་དུས་རིམ་སླེབས་པ་དང་། ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།