[བརྙན་ཟློས] རིག་པའི་ཁྱེའུ་རྩོམ་གྱི་སྤང་དུ་རྒོད། —རྒྱལ་ཡོངས་བོད་ཀྱི་དམའ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་གནས་ཚུལ་རགས་བཀོད།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་དེ2017ལོའི་ཟླ8པའི་ཚེས1ཉིན་ནས2018ལོའི་ཟླ2པའི་ཚེས1ཉིན་བར་ཏེ་བསྡོམས་པས་དུས་ཡུན་ཟླ་ངོ་དྲུག་གི་རིང་ལ་བོད་ཁུལ་གྱི་ཡུལ་ལུང་སོ་སོའི་དམའ་འབྲིང་ཁག་གི་དགེ་རྒན་དང་སློབ་མ་མང་པོར་ཡིག་ཐོག་བརྡ་སྦྱོར་བསྐུར་ཞིང་། གཞན་ཡང་ ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་བོད་ཀྱི་སྨྱན་བྱད་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས་པ་ཡིན། ཟླ་ངོ་དྲུག་གི་རིང་དུ་བོད་ལྗོངས་དང་ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ཞིང་ཆེན་གྱི་མི་རིགས་སློབ་འབྲིང་ཁག་ནས་སློབ་མ་བརྒྱ་ལྷག་གི་རྩོམ་ཡིག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ་ནན་ཏན་ངང་རྩོམ་སྒྲིག་བྱས་ཏེ་སྤེལ་པ་ཡིན། འདིར་འབྱོར་བའི་རྩོམ་ཡིག་སྐོར་ཞིག་རྗོད་བྱེད་སོགས་ཀྱི་ཐད་ནས་འབུར་དུ་ཐོན་ཡང་། འདི་གའི་རྩོམ་ཡིག་འགྲན་བསྡུར་གྱི་བླང་བྱ་དང་མི་མཐུན་པས། རྩོམ་སྒྲིག་པས་ཁ་པར་དང་གློག་རྡུལ་ཡིག་ཟམ་གྱི་ལམ་ནས་ཕ་རོལ་པོར་དུས་ཐོག་ཏུ་གསལ་བཤད་བྱས་ཏེ་རྩོམ་ཡིག་བསྐྱར་དུ་བྲིས་ནས་བསྐུར་བའི་རེ་བ་བཏོན་པ་ཡིན། ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ནི་དམའ་འབྲིང་སློབ་མ་རྣམས་ལ་དམིགས་པ་ཡིན་པས། འགྲན་ཞུགས་པ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་དག་སྤྱིའི་ཆ་ནས་དེང་གི་དམའ་འབྲིང་སློབ་མས་ཕ་ཡུལ་དང་ཕ་མ།དགེ་རྒན་ སློབ་གྲོགས་བར་གྱི་མཛའ་བརྩེ་མཚོན་པ་མང་ཞིང་། དེ་དག་ཀྱང་མང་ཆེ་བ་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་པ་སོགས་ཀྱི་དགེ་མཚན་འབུར་དུ་ཐོན་འདུག འདི་ག་ཚགས་པར་སྟེང་བསྡོམས་པས་རྩོམ་ཡིག100ལྷག་འབྱོར་ཞིང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་རྩོམ་ཡིག 42སྤེལ། འགྲན་བསྡུར་དུས་ཡུན་རྫོགས་རྗེས་རྩོམ་སྒྲིག་པ་དག་གིས་ཡང་ཡང་གྲོས་མོལ་བྱས་མཐར། དྲང་བདེན་དང་འདྲ་མཉམ་ཡོང་ཆེད་རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ། ཤེས་ཡོན་ཅན་སོགས་མི་ལྔ་སྟེ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྡོ་དཀར་ཚེ་དཔལ་སྟོབས་ལྡན་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་བཀྲ་ཤིས་དོན་གྲུབ།མཚོ་སྔོན་ཞིང་ཆེན་རིག་གནས་ཁང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་ཚེ་རྒྱལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གི་ཚེ་རིང་དོན་འགྲུབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་ཆོས་སྐྱོང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚེ་དཔལ་སྟོབས་ལྡན་བཅས་ཀྱིས་གྲུབ་པའི་དཔྱད་འདེམ་ཚན་ཆུང་རྩ་འཛུགས་བྱས་ཤིང་། འདི་ག་ཚགས་པར་སྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་དཔྱད་འདེམ་པ་ལྔ་བོའི་ལག་ཏུ་བཞག་སྟེ་ཟླ་ངོ་གཅིག་གི་རིང་ལ་ཁོ་ཚོས་རང་རང་ས་ནས་ཞིབ་ཀློག་བྱས་པ་རེད།

微信图片_20180209182858.jpg

རྒྱལ་ཡོངས་བོད་ཀྱི་དམའ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་དཔྱད་འདེམས་ཚན་ཆུང་གི་ཚོགས་གཙོ་ཚེ་དཔལ་སྟོབས་ལྡན།

ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་དེ་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་དུ་འབྲེལ་བ་དཔྱད་འདེམ་གྱི་ཚད་གཞི་དང་། འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པའི་བླང་བྱ་བཏོན་པ་དང་། ཟླ3པའི་ཚེས25ཉིན་དཔྱད་འདེམ་པ་རྣམས་གནས་གཅིག་ཏུ་བཀོད་ནས་འདེམ་ཤོག་འཕངས་ཤིང་། རང་རང་གི་དཔྱད་འདེམ་གོ་རིམ་ཁྲོད་འགྲན་ཞུགས་རྩོམ་ཡིག་དག་ལ་བལྟས་པའི་མྱོང་ཚོར་དང་སྦྲགས་ནས་དཔྱད་བསྡུར་བྱས་པ་དང་། མཇུག་མཐར་དཔྱད་འདེམ་ཚན་ཆུང་གིས་རྩོམ་ཡིག་འགྲན་བསྡུར་གྱི་ཐོག་མའི་བླང་བྱ་ལྟར་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། གཞན་ཡང་རྟིང་སྐུལ་བྱ་དགའ་ལྔ་བཅས་བདམས་ཐོན་བྱུང་། དེ་དག་ལས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་རིག་འཛིན་དབང་མོའི་རྩོམ་ཡིག《གཞིས་ཁྱིམ་དྲོན་མོ》ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་སློབ་མ་པ་སངས་ཚེ་གྲུབ་ཀྱི་རྩོམ་ཡིག《ངའི་སེམས་ཀྱི་སུམ་རྩེན་གནས་མཆོག》དང་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་བསོད་ནམས་སྐྱིད་ཀྱི་རྩོམ་ཡིག《སྤོ་བོ་དང་སྒོ་ཁྱི》གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་ཐོབ། ཐུན་རིན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་པད་མ་འཚོའི 《བརྗེད་པར་དཀའ་བའི་ཉིན་མོ》དང་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མ་རྡོ་རྗེ་ཚེ་རིང་གི་རྩོམ་ཡིག《ངའི་སྐྱེས་སྐར་དང་འཛམ་གླིང་དཔེ་ཀློག་ཉིན་མོ》ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་གཡུ་འབྲུག་རྒྱལ་གྱི《བརྗེད་མི་སྲིད་པའི་འདས་དོན》གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ། དེ་མིན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་རྡོ་རྗེ་གཡང་འཛོམས་ཀྱི《རེ་སྒུག་ཁྲོད་ཀྱི་བྱིས་པའི་དུས་ཆེན》 དང་ཀན་སུའུ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་ཆོས་རྒྱལ་འཚོའི་རྩོམ་ཡིག《ང་ཚོའི་འཛིན་གྲྭ》བོད་ལྗོངས་ནག་ཆུ་ས་གནས་འབྲི་རུ་རྫོང་སློབ་འབྲིང་གི་སློབ་མ་དབྱངས་ཅན་རྒྱ་མཚོའི་རྩོམ་ཡིག《རྒན་བཟང་གསེར་གྱི་ཉི་མ་ལགས། བཀའ་དྲིན་ཆེ》སི་ཁྲོན་གསེར་རྟ་རྫོང་སློབ་འབྲིང་གི་སློབ་མ་ཀརྨ་དོན་འགྲུབ་ཀྱི་རྩོམ་ཡིག《ཕ་ཡུལ་གྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས》 ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་ཏིང་འཛིན་སྐྱིད་ཀྱི་རྩོམ་ཡིག《མིག་ཡ་ཞར་བའི་གྲོགས་པོ》བཅས་ལྔ་ལ་རྟིང་སྐུལ་བྱ་དགའ་ཐོབ།

微信图片_20180209182852.jpg

དཔྱད་འདེམ་གནང་སྐབས་དཔྱད་འདེམ་ཚན་ཆུང་གི་ཚན་གཙོ་ཚེ་དཔལ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་བྱ་དགའ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཁོས་བྱ་འགུལ་འདི་ནི་བོད་ཀྱི་དམའ་འབྲིང་སླིབ་མའི་རྩོམ་འབྲིའི་མོས་པ་སྐྱེད་སྲིང་དང་རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཕྱིས་སུ་བྱ་འགུལ་འདི་འདྲ་སྤེལ་བའི་རེ་བ་བཏོན་ཞིང་།དཔྱད་འདེམ་པ་གཞན་རྣམས་ཀྱིས་ཀྱང་དེར་མཐུན་གྱི་བསམ་ཚུལ་བཏོན་བྱུང་།  

微信图片_20180209185809.jpg

ཐེངས་འདིའི་བྱ་དགའ་ཐོབ་མཁན་ཨང་དང་པོར་དམངས་སྒོར2000དང་། ཨང་གཉིས་པར་སོ་སོར་དམངས་སྒོར1500རེ། ཨང་གསུམ་པར་སོ་སོར་དམངས་སྒོར1000རེ། རྟིང་སྐུལ་བྱ་དགའ་ལ་སོ་སོར་དམངས་སྒོར500རེ་ཡོད།

微信图片_20180209192739.jpg

མཇུག་ཏུ་ཞུ་འདོད་པ་ནི་ད་ཐེངས་ཀྱི་རྩོམ་ཡིག་འགྲན་སྡུར་འདི་ནི་འདི་ག་ཚགས་པར་ཁང་གིས་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་པའི་རྩོམ་ཡིག་འགྲན་སྡུར་དང་། རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་གཉིས་སྤེལ་རྗེས་ཀྱི་རྒྱལ་ཡོངས་བོད་ཀྱི་དམའ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཡིན་པས། ལས་འདི་ནི་སློབ་ཆེན་དང་མཐོ་འབྲིང་དང་དམའ་འབྲིང་གི་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལ་ཕྱོགས་བསྡོམས་སམ་ཚད་འཇལ་ཐེངས་ཤིག་བྱས་པ་ཡིན་ཞེས་ཀྱང་མི་ཆོག་པ་མེད་སྙམ། རྩོམ་ཡིག་འགྲན་སྡུར་སྤེལ་བའི་གོ་རིམ་ནང་མ་འདང་ས་དང་ནོར་འཁྲུལ་སོགས་གང་མང་ཡོད་ངེས་པས། རྗེས་མའི་རྩོམ་ཡིག་འགྲན་བསྡུར་རབས་དང་རིམ་པ་སྤེལ་བའི་གོ་རིམ་ཁྲོད་ཞན་ཆ་རྣམས་ཁ་གསབ་ཀྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་སེམས་འདུན་དང་བཅས་གུས་པས་ཕུལ་བའོ།།

1518173337292856.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།