ཝང་གོ་ཧྲེང་དང་ཝང་ཅན་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་ཤིས་ཚིག་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་བ་ཚེས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་རིགས་མང་ཚོགས་ཚང་མ་དུས་ཆེན་བསུ་བའི་དགའ་སྤྲོས་མྱོས་ཡོད། ཟླ2པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚང་མར་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་ཁ་གཡང་བོས་པར་མ་ཟད། དུས་ཆེན་ལ་འཚམས་འདྲི་བྱས།

ཤིས་ཚིག་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་དཔུང་བ་མཉམ་གཤིབ་ངང་དཀའ་ངལ་མཁྲེགས་གཏོར་དང་བདེན་འཛིན་དངོས་གཉེར་བྱས་ཏེ། འགྲོས་མཉམ་པ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་འབད་འབུངས་ལྷོད་མེད་བྱས་པར་མ་ཟད། མཁར་གྲོང་དཔལ་འབྱོར་འཕེལ་རྒྱས་ལའང་གྲུབ་འབྲས་གསར་བ་ཐོབ་ཡོད་པ་དང་། རྨང་གཞི་སྒྲིག་ཆས་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། དེ་མིན་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་བ་བྱུང་བ་དང་། བཅོས་སྒྱུར་སྒོ་འབྱེད་ལས་དོན་ལ་ཕན་འབྲས་གསར་བ་ཐོབ། སྤྱི་ཚོགས་ལས་དོན་དང་དམངས་འཚོ་ལེགས་བཅོས་ཆེན་པོ་བྱུང་བར་མ་ཟད། གནད་ཕིགས་དབུལ་སྐྱོར་བྱ་བར་ཕན་འབྲས་གསར་བ་ཐོབ། མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་སུ་བསྒྱུར་བའི་ལས་དོན་ལ་སྐུལ་འདེད་བཏང་། རང་རྟོགས་སྒོས་རྒྱལ་ཁབ་འཐབ་ཇུས་ཁྲོད་ནས་ཐོད་བརྒལ་གསར་བ་འབྱུང་བར་སིམ་འདྲེས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་ངང་འཕེལ་རྒྱས་སུ་སོང་བར་མ་ཟད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་དོན་ཁག་སོ་སོར་སྔར་མེད་འཕེལ་རྒྱས་གསར་བ་བྱུང་ཡོད་ཅིང་། གྲུབ་འབྲས་འདི་དག་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པའི་ཕན་འབྲས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མས་མཐུན་སྒྲིལ་འཆམ་མཐུན་དང་གཞོགས་འདེགས་མཐུན་སྦྱོར། གསར་སྤེལ་གསར་གཏོད། དཀའ་སྤྱད་འབད་འཐབ་བྱས་པ་བཅས་ཀྱི་གྲུབ་འབྲས་ཀྱང་ཡིན་ལ། གྲུབ་འབྲས་འདིའི་ཁྲོད་དུ་རྒྱ་ཆེ་བའི་བོད་རིགས་བློ་མཐུན་ཡོངས་ཀྱི་དཀའ་སྡུག་གི་རྔུལ་ཆུ་བར་མེད་དུ་སིམ་ཡོད་ཟེར།

ཤིས་ཚིག་གི་ཁྲོད་དུ་བསྟན་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོས་མཐུན་སྒྲིལ་སྔོན་ཐོན་འཕེལ་རྒྱས་ལ་བརྩོན་པའི་གནད་འགག་གི་ལོ་དམིགས་བསལ་བ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་བོད་རིགས་དང་རིགས་སོ་སོའི་སྤུན་ཟླ་ཚང་མས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཤུགས་ཆེན་པོས་ཏང་གཅེས་རྒྱལ་གཅེས་དང་སེམས་བཟང་གཞུང་དྲང་། མཐུན་སྒྲིལ་མཛའ་གཅེས། དཀའ་སྤྱད་ཡར་ཐོན་བཅས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་བོ་དར་སྤེལ་གཏོང་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཉེ་ལམ་མཇུག་སྒྲིལ་པའི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་མཐུན་སྒྲིལ་རྡོག་རྩ་དམ་པོ་བྱས་ཏེ། ལོ་རྒྱུས་ཀྱི་སྐས་རྐང་གསར་བའི་སྟེང་དུ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཤིས་ཚིག་གི་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚང་མར་བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས།

ཁ་སང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ནས་བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་ཚེས་ཀྱི་ཇ་སྟོན་ཚོགས་འདུ་བསྡུས། ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་མགོན་པོ་བཀྲ་ཤིས། ཡང་ཧྥིན་ཁྲུན། རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ངག་དབང་བསོད་ནམས་བཅས་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་གི་ལས་བྱེད་པ་དང་ཆེད་མཁས་པ། ཆོས་ལུགས་སྡེ་ཁག་གི་འཐུས་མི། ཞིང་ཆེན་ལྟེ་གནས་ཀྱི་མི་རིགས་གཞན་པའི་འཐུས་མི་བཅས་མཉམ་དུ་འཛོམས་ནས། མཉམ་དུ་བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་ཚེས་བསུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཇ་སྟོན་ཚོགས་འདུའི་སྟེང་དུ། རིག་རྩལ་འཁྲབ་སྟོན་པ་རྣམས་ཀྱིས་མིག་གི་དཔྱིད་དུ་སྨིན་པའི་ལྟད་མོ་ཡག་པོ་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།