མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཅུའུ་ཀྲང་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཅུའུ་ཀྲང་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཆོས་ལུགས་ཅུའུ་ཀྲང་བཅས་ཀྱི་གྲོས་ཚོགས་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་ལས་གཞན། ད་དུང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་གནད་སར་སྤྱི་སྡོམ་དང་བཀོད་སྒྲིག་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་མ་ལག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལྟར་དུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བ་དང་འབྲེལ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ལས་དོན་ཆེ་གྲས་ལ་འཆར་འགོད་འཐེན་པ་དང་གལ་འགངས་ཆེ་ཤོས་ཀྱི་ལས་དོན་དམ་པོར་བཟུང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་འབུལ་འོས་པའི་བྱས་རྗེས་གང་ལེགས་བཞག་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་ཡིད་ལ་དམ་པོར་ཉར་ཏེ། བར་མ་ཆད་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པ་ཡོང་བར་བྱེད་པའི་བགྲོད་ལམ་གསར་བ་འཚོལ་དཔྱོད་བྱེད་དགོས། དེ་མིན་ད་དུང་དམངས་གཙོའི་ཏང་ཁག་དང་ཏང་ཕྱིའི་ཤེས་ཡོན་ཅན། སྤྱི་ཚོགས་ལས་རིམ་ཁག་གི་མི་སྣ་གསར་བ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བ་སྐས་རྐང་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།