ཐེན་ཅིན་ཁྲིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལུགས་རྙིང་ལོ་སར་སྐབས་ཀྱི་ཚོང་རའི་མཁོ་སྤྲོད་དང་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་གྱི་ལུགས་རྙིང་ལོ་སར་སྐབས་ཀྱི་ཚོང་རའི་མཁོ་སྤྲོད་དང་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས།

ཐེན་ཅིན་ཁྲིན་སྔ་གཞུག་ཏུ་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་དང་མཱ་ཧྥང་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་ར། ཧོས་ཁི་ཅཱ་རང་འདེམ་ཚོང་ཁང་བཅས་སུ་སོང་ནས། ལོ་སར་སྔོན་གྱི་ཚོང་རྗས་གསོག་འཇོག་དང་ཚོང་རྫས་ཀྱི་ཡོང་ཁུངས། ཐོན་རྫས་ཉོ་ཚོང་ཁུལ་ཁོངས། ཉིན་རེའི་འཚོང་ཚད། དམངས་ཕན་ཁ་གསབ་དང་ཚོང་རྫས་རིན་གོང་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་དང་། ལྷག་པར་དུ་མེ་གསོད་བདེ་འཇགས་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ནས་ཞིབ་འདྲི་བྱས། རྟོག་ཞིབ་བྱེད་སྐབས། ཐེན་ཅིན་ཁྲིན་གྱིས་ས་ཁུལ་སྲིད་གཞུང་དང་སྡེ་ཁག ཚོང་རའི་འགན་ཁུར་མི་སྣས། ཚོང་རའི་དོ་དམ་ཆུ་ཚད་ལ་ཤུགས་སྣོན་པ་དང་། ལོ་སར་སྐབས་ཀྱི་ཚོང་རྫས་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཚོང་རྗས་གསོག་འཇོག་བྱེད་པ། ལོ་སར་སྐབས་ཀྱི་མཁོ་སྤྲོད་ལ་འགན་སྲུང་བྱེད་པ། ཚོང་རའི་རིན་གོང་གཏན་འཇགས་ཡོང་བར་བྱེད་པ། མང་ཚོགས་ཡིད་ཚིམ་པ་དང་སེམས་བདེ་བར་བྱེད་པ་དང་མང་ཚོགས་ལ་ཕན་བཏགས་ཏེ། ཧུར་ཐག་གིས་ལོ་སར་སྐབས་ཀྱི་མཁོ་སྤྲོད་ལ་འགན་སྲུང་བྱེད་པ་དང་རིན་གོང་གཏན་འཇགས་ཡིན་པའི་སྣང་ཚུལ་བཟང་བོ་བསྐྲུན་རྒྱུའི་རེ་བ་བཏོན།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་བཟང་བོ་བྱེད་པ་དང་མཉམ་ཤུགས་གྲུབ་པར་བྱས་ནས། ལོ་སར་སྐབས་ཀྱི་ཚོང་རའི་མཁོ་སྤྲོད་འདང་ཚིམས་པ་དང་ཐོན་རྫས་ཕུན་སུམ་ཚོགས་པ། རིན་གོང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་སྣ་མང་པའི་འཛད་སྤྱོད་དགོས་མཁོ་སྐོང་བའི་ཞོར་དུ། ཞིང་ལས་ཐོན་རྫས་ཀྱི་འཐེན་ཞིབ་བྱ་བ་བཟང་བོར་བསྒྲུབ་ནས། འཛད་སྤྱོད་པའི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། བདེ་འཇགས་བྱེད་ཐབས་དང་སྒྲིག་ལམ་ལག་བསྟར་བཟང་བོ་བྱེད་པ་དང་། ཉེན་ཁར་ཞིབ་བཤེར་དང་ཐག་གཅོད་བྱས་ཏེ། འཛད་སྤྱོད་བྱེད་སའི་མི་སྣའི་བདེ་འཇགས་དང་མེ་འགོག་མེ་གསོད་བདེ་འཇགས། ཚོང་རྫས་སྐྱེལ་འདྲེན་བདེ་འཇགས་བཅས་ལ་ཁག་ཐེག་བྱེད་པ་དང་། ལོ་སར་སྐབས་ཀྱི་འཆམ་མཐུན་གྱི་ཚོང་རའི་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བདེ་འཇགས་སྤྱོ་སྐྱིད་ཀྱི་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།