མཚོ་སྔོན་ཞིང་ཆེན་གྱི་འཐུས་མིས་རྒྱལ་ཁབ་ཀྱིས་ཆེད་དམིགས་རོགས་སྐྱོར་སྲིད་ཇུས་གཏན་འབེབ་བྱས་ཏེ་མི་རིགས་ཞང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་མྰ་ཡུས་སི་ཧྥུའུ་དང་ཨ་ཧྲིན་ཆིན། པུས་ཧྲིན་ཀྲུང་བཅས་ཀྱིས་རྒྱལ་ཁབ་ཀྱིས་ཆེད་དམིགས་རོགས་སྐྱོར་སྲིད་ཇུས་གཏན་འབེབ་བྱས་ཏེ་མི་རིགས་ཞང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བསྟན་དོན། མི་རིགས་ཞང་གི་རིགས་སོ་སོའི་མང་ཚོགས་ཀྱིས་རང་བྱུང་ཆ་རྐྱེན་མི་ལེགས་པ་དང་ལོ་རྒྱུས་ཀྱིས་བཞག་པའི་གནད་དོན་མང་པོ། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་སོགས་ཐད་ཀྱི་དཀའ་ཁག་གདོང་གིས་བསུས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོའི་ཁྲོད་དུ་ཡར་རྒྱས་ཆེན་པོ་བྱུང་ཡོད། མི་རིགས་ཞང་དེ་ཀྲུང་གོའི་རིམ་པ་དང་པོའི་སྲིད་འཛིན་ལས་ཁུངས་ཡིན་པའི་ཆ་ནས་དམིགས་བསལ་རང་བཞིན་ལྡན་པས། ཏང་གི་མི་རིགས་ཞང་གི་བྱ་བའི་སྐོར་གྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། མི་རིགས་ཞང་གི་མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁ་གསབ་བྱེད་ནུས་ལ་ཡང་དག་པའི་ངོས་འཛིན་བྱེད་པ། མི་རིགས་ཞང་གི་བྱ་བའི་རྐྱེན་སྲོལ་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་མི་རིགས་ཞང་གི་རྒྱུན་མཐུད་གཏན་འཇགས་འཕེལ་རྒྱས་ཐད་བྱེད་ནུས་གལ་ཆེན་ལྡན། དེ་དང་མཉམ་དུ། རང་རྒྱལ་གྱི་མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་པ་རེད།

བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། མི་རིགས་ཞང་གི་དཔལ་འབྱོར་སྤྱི་ཚོགས་ལ་ཡུན་རིང་འཕེལ་རྒྱས་བྱུང་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོར་འདེགས་ཅུང་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་རྒྱལ་ཡོངས་དང་བསྡུར་ན། སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་སྔར་བཞིན་ཧ་ཅང་རྗེས་ལུས་ཡིན་པ་རེད། མི་རིགས་ཞང་མང་ཆེ་བ་ནུབ་རྒྱུད་ན་ཡོད་ཅིང་། མཐའ་མཚམས་རི་ཁུལ་དང་འབྲོག་ཁུལ། གྲང་ངར་ཆེ་བའི་ས་ཁུལ་དུ་ཆགས་ཡོད་ལ། རང་བྱུང་དཔལ་འབྱོར་དང་རང་བྱུང་ཕྱེད་ཙམ་གྱི་དཔལ་འབྱོར་གྱིས་སྔར་བཞིན་གཙོ་ཁྲིད་ཀྱི་གོ་གནས་ཟིན་ཡོད་པར་མ་ཟད། ཐོན་ལས་གྲུབ་ཆ་སྣ་གཅིག་ཡིན་པ་དང་འཕེལ་རྒྱས་དལ་བས། མི་རིགས་ཞང་མང་ཆེ་བར་དཔལ་འབྱོར་གྱི་འཕར་གཞི་གསར་བ་མེད་པ་རེད། དེ་དང་མཉམ་དུ། ནུབ་རྒྱུད་ས་ཁུལ་གྱི་རྫོང་རིམ་པའི་ནོར་སྲིད་ཤུགས་ཚད་ལྟོས་བཅོས་ཀྱིས་ཞན་པས་མི་རིགས་ཞང་གི་རྒྱབ་སྐྱོར་ལ་ཧ་ཅང་ཚད་ཡོད་པ་རེད།

དེ་བས། འཐུས་མི་གསུམ་གྱིས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཞང་གི་གོ་གནས་དང་བྱེད་ནུས་ངོས་འཛིན་མཐོར་འདེགས་བྱས་ཏེ་མི་རིགས་ཞང་གི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་ནང་བཞིན་གྱི་ཆེད་དམིགས་རོགས་སྐྱོར་སྲིད་ཇུས་གཏན་འབེབ་བྱེད་པ་དང་། རྒྱལ་ཁབ་རིམ་པའི་མི་རིགས་ཞང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཆེད་དམིགས་འཆར་གཞི་བཟོས་ཏེ། ལོ་ལྔ་ནས་ལོ་བཅུའི་རིང་གི་འབད་བརྩོན་བརྒྱུད་མི་རིགས་ཞང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་ཐུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།