མཱ་ཅི་ཞའོ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིར་སོང་སྟེ་བཟོ་ཚོགས་བྱ་བ་དང་ངལ་རྩོལ་དཔེ་ལེགས་ཀྱི་གསར་གཏོད་བྱ་བ་སྒྲུབ་སར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིར་སོང་སྟེ་བཟོ་ཚོགས་བྱ་བ་དང་ངལ་རྩོལ་དཔེ་ལེགས་ཀྱི་གསར་གཏོད་བྱ་བ་སྒྲུབ་ས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ངལ་རྩོལ་འབྲེལ་བའི་སློབ་གླིང་ངལ་རྩོལ་དཔེ་ལེགས་དངོས་གཞི་ཚན་ཁག་གི་སློབ་མར་བསྐུར་བའི་ཡིག་ལན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་དུས་ཆེན་ལ་རྟེན་འབྲེལ་དང་ལྔ་གཅིག་ངལ་རྩོལ་དཔེ་ལེགས་ཀྱི་བྱ་དགའ་ཐོབ་མཁན་དང་ཕུལ་བྱུང་ཁེ་ལས་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གི་གཏམ་བཤད་ལ་སློབ་སྦྱོང་བཟང་བོ་བྱས་ནས། ངལ་རྩོལ་དཔེ་ལེགས་གསར་གཏོད་བྱ་བ་སྒྲུབ་སའི་ཉམས་མྱོང་ལ་སྤྱི་བསྡོམས་ནན་མོ་དང་ཁྱབ་གདལ་དུ་གཏོང་བ་དང་། གསར་གཏོད་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

མཱ་ཅི་ཞའོ་ཡིས་བསྟན་དོན། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཐོན་སྐྱེད་དང་འཁོར་རྒྱུག དོ་དམ་བདེ་འཇགས་བཅས་ལ་འགན་སྲུང་བྱེད་པ་དང་། དུས་དང་རྣམ་པ་ཀུན་དུ་ལས་བཟོ་བའི་ངལ་རྩོལ་བདེ་འཇགས་གོ་གནས་དང་པོར་བཞག་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཁེ་ལས་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ལ། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་བཟོ་བའི་གྲལ་རིམ་ལ་རྒྱབ་རྟེན་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། མཐུན་སྒྲིལ་སློབ་གསོ་དང་ཁེ་དབང་སྲུང་སྐྱོབ། ལས་བཟོ་བར་ཞབས་འདེགས་ཞུ་བ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ། བཟོ་ཚོགས་རྩ་འཛུགས་སྔར་ལས་གསོན་ཤུགས་ཆེན་པོ་ལྡན་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།