རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་རྒུད་གསབ་ལས་སྤྲོད་ཐད་རོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆུའུ་གསུམ་དང་ཁུལ་གསུམ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་རྒུད་གསབ་ལས་སྤྲོད་དཔེ་སྟོན་བཟོ་སྐྲུན་ཐད་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་གཉིས་འབུམ་གཉིས་བཏང་བ་དང་། དེའི་ཁྲོད་ངལ་ལས་གླ་ཆར་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཉིས་ཁྲི་གཉིས་བཏང་།

རྒུད་གསབ་ལས་སྤྲོད་བཟོ་སྐྲུན་དེ་ཐད་ཀར་རོགས་སྐྱོར་གྱི་ཚབ་བྱེད་པའི་སྒོ་འབྱེད་རང་བཞིན་གྱི་དབུལ་སྐྱོར་བྱེད་ཐབས་ཤིག་ཡིན་པའི་ཆ་ནས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཧུར་ཐག་གིས་གོང་རིམ་ལ་སྙན་སེང་ཞུས་པ་བརྒྱུད། མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་ཁུལ་དང་ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་ལས་གཞི་བཅུ་དྲུག་ལ་དངུལ་གཏོང་འཆར་གཞི་ཁག་བགོས་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་གཞི་རྩའི་ཞིང་ལས་དང་ཞིང་སའི་ཆུ་བེད། ཞང་སྡེའི་གཞུང་ལམ། བཞུར་རྒྱུན་ཆུང་བའི་བཅོས་སྐྱོང་། རྩྭ་ར་འཛུགས་སྐྲུན། ཞང་སྡེའི་རྣམ་པ་ལེགས་བཅོས་སོགས་འཛུགས་སྐྲུན་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས། 

གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་རོགས་སྐྱོར་དང་སྐྱེད་ཀ་སྤྲོད་པའི་ལས་གཞིའི་དོ་དམ་བྱེད་ཐབས་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས། དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པའི་ཞོར་དུ་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་རྒྱུ་ཡིན་པར་མ་ཟད། འབྲེལ་ཡོད་ས་ཁུལ་དང་ལས་གཞི་འཛུགས་སྐྲུན་སྡེ་ཁག་གིས་དུས་ཐོག་ཏུ་ལས་གཞི་འཛུགས་སྐྲུན་བྱེད་པར་གཟབ་ནན་གྱིས་སྐུལ་འདེད་བཏང་སྟེ་དུས་ལྟར་འཆར་གཞི་ལག་བསྟར་དང་ལས་གཞི་དོ་དམ། མ་དངུལ་བེད་སྤྱོད། ཨར་ལས་འཕེལ་རིམ་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང་སྔ་མོ་ནས་ཕན་ནུས་འདོན་པར་འགན་སྲུང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།