ཝང་ཡུས་པའོ་ཡིས་འགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་ལས་གཞིའི་བཀོད་གཏོང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་འགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་ལས་གཞིའི་བཀོད་གཏོང་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་། ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན། དཀའ་ཁག་གནད་དོན་ལ་ཁ་གཏོད་པ་དང་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་མཐོན་པོས་དངུལ་གཏོང་ལས་གཞི་བྱ་བ་དམ་འཛིན་བྱེད་དགོས་ཟེར། ཐེན་ཅིན་ཁྲིན་ཚོགས་འདུར་ཞུགས་པ་མ་ཟད་འབྲེལ་ཡོད་ཀྱི་བྱ་བ་ཁྱབ་བསྒྲགས་བྱས།

ཚོགས་ཐོག་ནས་བསྟན་དོན། ཟླ་དང་པོ་ནས་ཟླ་ལྔ་བའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་གནས་བབ་ཧ་ཅང་ཛ་དྲག་ཆེ་བ་དང་། ལོ་ཧྲིལ་བོའི་ལས་འགན་ཧ་ཅང་ལྕི་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་བྱ་བའི་གྲོས་ཚོགས་སྟེང་བཏོན་པའི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་གསལ་བོ་བྱེད་པ། བྱ་བར་འབད་འཐབ་བྱེད་པར་བརྟེན་ནས་དངུལ་གཏོང་བྱ་བ་དམ་འཛིན་བྱེད་པ་དང་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་སྔ་མོ་ནས་གཏན་འཇགས་ངང་བསྐྱར་འཕར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམིགས་འབེན་གཏན་ཁེལ་དང་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རྩིས་ཐོ་དང་གསལ་ཐོ་ལས་ཏེ། དམིགས་འབེན་གཏན་ཁེལ་བྱས་ནས་ལས་གཞི་ལག་བསྟར་ནན་མོ་བྱེད་པ། ལས་གཞི་ལ་དམིགས་ནས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་གསལ་བོ་བྱེད་པར་བརྟེན་ནས་ལག་བསྟར་དམ་འཛིན་བྱེད་དགོས། གཙོ་གནད་འབུར་ཐོན་བྱེད་པ་དང་། གནད་ལ་འཁེལ་བའི་སྒོ་ནས་བཀོད་གཏོང་བྱེད་པ། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་དང་ལས་གཞི་གཙོ་བོ། བཟོ་ལས་ཀྱི་དངུལ་གཏོང་། ས་ཁང་བདག་ཁོངས་ཐད་ཀྱི་དངུལ་གཏོང་། དམངས་ཁྲོད་ཀྱི་དངུལ་གཏོང་དམ་འཛིན་བྱས་ནས། མ་དངུལ་དང་ལས་གཞི་ལག་བསྟར་བྱེད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་མྱུར་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། འདྲེན་བྱེད་ལ་གསར་གཏོད་བྱེད་པ་དང་། བྱེད་ཐབས་བཟང་བོར་སྤྱོད་པ། གོ་སྐབས་བཟང་བོ་དང་དབྱར་སྟོན་དུས་རྒོལ་ཐབས་སོགས་བྱ་འགུལ་བརྟན་བརླིང་ངང་སྤེལ་ནས། དངུལ་གཏོང་དམ་འཛིན་བྱེད་པའི་སྣང་ཚུལ་གྲུབ་པར་བྱེད་དགོས། གཞོགས་འདེགས་ཤུགས་ཆེན་དང་མཉམ་ལས་དམ་ཟབ་བྱེད་པ་དང་། ས་ཞིང་དང་ཁོར་ཡུག་གདེང་འཇོག མ་དངུལ་མཉམ་བསྲེས། བཟོ་སྐྲུན་རྒྱུ་ཆས་སོགས་ཀྱི་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ལྟ་སྐུལ་དང་ཞིབ་བཤེར་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ལག་བསྟར་དམ་འཛིན་དང་དེར་སྐུལ་འདེད་གཏོང་དགོས། རྟོག་ཞིབ་གཏིང་ཟབ་ཏུ་སྤེལ་བ་དང་རང་འགུལ་གྱིས་འཆར་འགོད་བྱེད་པ། ལས་གཞི་ལག་བསྟར་བྱེད་པའི་ལོའི་བྱ་འགུལ་དམ་འཛིན་བྱས་ཏེ། ལས་གཞི་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་འཁོར་འགྲིལ་རྒྱུན་མཐུད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།