མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲོལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བློ་མཐུན་མཱ་སུན་ཧྲུའུ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པའི་སྐོར་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

བློ་མཐུན་མཱ་སུན་ཧྲུའུ་ཡིས་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བཟོས་པའི་རྒྱབ་ལྗོངས་དང་གོ་རིམ། ལྟ་ཞིབ་བཅའ་ཁྲིམས་ཀྱི་དོན་སྙིང་གལ་ཆེན། ལྟ་ཞིབ་བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོ་སོགས་ཀྱི་སྐོར་ནས།མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྒྲོག་འགྲེལ་གཏིང་ཟབ་བྱས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བཞེད་དོན། སྙན་ཞུའི་རིག་ལམ་གསལ་ཞིང་སྒྲོག་འགྲེལ་བྱས་པ་གནད་དུ་འཁེལ་བ། སྤྱི་ཁོག་ལ་གོ་བ་བླངས་ནས་གནད་ས་འབུར་དུ་ཐོན་པར་བྱས་ཡོད་པ་ལས་གཞན། བྱ་བའི་དངོས་ཡོད་དང་བསམ་གཞིག་གཏོང་སྟངས་ལ་གནད་དུ་དམིགས་ཡོད་པར་མ་ཟད། དངོས་ཡོད་རང་བཞིན་དང་ཁ་གཏད་རང་བཞིན། གཏན་ཚིགས་རང་བཞིན་བཅས་དྲག་པོ་ལྡན་པས། ཁྱོན་ཡོངས་ནས་ལྟ་ཞིབ་བཅའ་ཁྲིམས་ཀྱི་གཏན་འབེབས་གོ་རིམ་ལ་རྒྱུས་ལོན་བྱེད་པ་དང་། ལྟ་ཞིབ་བཅའ་ཁྲིམས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་ལེན་པ། ལྟ་ཞིབ་བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོར་གོ་བ་མ་ནོར་བ་ལེན་པ་བཅས་ཀྱི་ཐད་ཕན་ཐོགས་ངེས་ཅན་ཡོད། དེ་མིན་ད་དུང་ཁྱོན་ཡོངས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ལྟ་ཞིབ་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པ། ལྟ་ཞིབ་བཅའ་ཁྲིམས་ཀྱི་ལམ་ལུགས་བཅོས་སྒྱུར་སྔར་ལས་གཏིང་ཟབ་དུ་སྤེལ་བ། ཏང་གི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ཐུན་མོང་གཅིག་བསྡུས་འགོ་ཁྲིད་ལ་ཤུགས་སྣོན་པ། ཁྲིམས་ལྟར་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ། ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པ་དང་རྒྱལ་ཁབ་ལ་ལྟ་ཞིབ་བྱེད་པ་གཉིས་གཞི་གཅིག་ཏུ་སྦྲེལ་བ། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ལ་བློ་སྒོ་འབྱེད་པའི་ནུས་པ་འདོན་ཐུབ་ཟེར།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག ཧྲུའུ་ཅི་ཝང་ཅན་ཅུན་གྱི་བླང་བྱ་ལྟར་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གི་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་དང་འབྲེལ་བའི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ཏེ། ལྟ་ཞིབ་བཅའ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་ལག་ལེན་ལ་བསྟར་བར་བརྩི་སྲུང་མ་ནོར་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་གནད་འགག་གྲངས་ཉུང་གི་དཔེ་སྟོན་སྣེ་འདོམས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ལྟ་ཞིབ་བཅའ་ཁྲིམས་ལ་སློབ་སྦྱོང་དང་ལྟ་ཞིབ་བཅའ་ཁྲིམས་ལག་ལེན་ལ་འདེབས་པར་སྣེ་ཁྲིད་བྱས་ནས། དབང་ཆ་ཉི་མའི་འོད་ཟེར་བཞིན་སྙོམས་མེད་རིས་མེད་ངང་བཀོལ་རྒྱུ་དང་། ལྟ་སྐུལ་གྱི་འོག་ནས་ལས་དོན་སྤེལ་རྒྱུ་གོམས་སྲོལ་དང་རང་རྟོགས་ཅན་དུ་འགྱུར་བར་བྱེད་དགོས། བློ་དཀར་སེམས་དཀར་གྱི་ངང་ནས་ལྟ་ཞིབ་བཅའ་ཁྲིམས་ཀྱིས་བསྩལ་བའི་འོས་འགན་ལྕི་མོ་ལག་ལེན་ལ་བཏབ་ནས། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་ཏེ། མིག་སྔའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འོས་འགན་གཙོ་བོ་གཉིས་གཞི་གཅིག་ཏུ་སྦྲེལ་དགོས་ལ། ལམ་ལུགས་བཀོད་སྒྲིག་བྱས་པ་བཅོས་སྐྱོང་ཕན་འབྲས་ཀྱི་རྒྱུ་རུ་འགྱུར་བར་བྱས་ནས། ལྔ་བཞི་འཐབ་ཇུས་གཏིང་ཟབ་དུ་སྤེལ་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བར། ཁྲིམས་སྐྱོང་གི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཏང་ཨུའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཟུར་ལྟ་དང་འབྲེལ་བའི་སློབ་སྦྱོང་རྒྱུ་ཆ་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས། ཚང་མས་མགྲིག་གཅིག་ཏུ་བཞེད་དོན། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་བཏང་ནས། བློ་ཐག་རྦད་ཆོད་སྒོས་བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལྟར་དུ། དངོས་ཡོད་དང་གཞི་གཅིག་ཏུ་སྦྲེལ་བ་དང་ལས་རིམ་ཁག་སོ་སོ་བཟང་བོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་བརྟན་འཇགས་འཕེལ་རྒྱས་ལ་ཁ་མིན་དོན་གྱིས་སྲུང་སྐྱོབ་བྱེད་ཐུབ་དགོས་ཟེར། 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་ཆེན། ཟི་ལིང་ན་ཡོད་པའི་ཞིང་ཆེན་གྱིས་བདག་གཉེར་བྱེད་ཀྱིན་པའི་ཁེ་ལས་དང་། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཁོངས་མི། ནང་བཙུགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཟུར་ཞུགས་བྱས།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།