མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར18བཏང་སྟེ་མཛེས་པའི་ཡུལ་གྲོང་གི་ཞན་ཆ་ཁ་གསབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། གསར་འགོད་པས་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང300འཛུགས་སྐྲུན་བྱེད་པའི་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བྱེད་སྒང་ཡིན་ལ། ཞིང་ཆེན་རིམ་པའི་ཆེད་དམིགས་མ་དངུལ་རོགས་སྐྱོར་དང་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག ཞིང་ལས་དང་འབྲེལ་བའི་ལས་གཞི་ཧྲག་སྡེབ། ཆ་སྒྲིག་མཉམ་སྐྲུན་སོགས་ཀྱི་ཐབས་ལ་བརྟེན་ནས་མ་དངུལ་སྒོར་དུང་ཕྱུར20གྲབས་གསོག་བྱས་པའི་ཁྲོད་སྒོར་དུང་ཕྱུར18དངོས་སུ་བཏང་། ཟླ10པའི་ཟླ་མཇུག་བར་དུ། སྔ་ཕྱི་སྡེབ་རྩིས་བྱས་ན་འཛུགས་སྐྲུན་ལས་གཞི་སྣ་ཚོགས1133ཧྲག་སྡེབ་བྱས།

རྒྱུས་ལོན་བྱས་པ་ལྟར་ན། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་ཁྲོད། རང་ཞིང་གིས་མང་ཚོགས་ཀྱི་དགོས་མཁོ་དངོས་ཕྱོགས་སྟོན་དུ་བཟུང་ཞིང་། རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་ཐོན་ལས་དང་འཚོ་བ་འགན་སྲུང་བྱེད་པའི་ཆ་རྐྱེན་ཨང་དང་པོར་བཞག་སྟེ། ཡུལ་བབ་དང་བསྟུན་ནས་གཞུང་ལམ་སྲ་བསྒྱུར་དང་སྡེ་གྲོང་མཛེས་བཟོ། སྐྱེད་ཚལ་ལྗང་བསྒྱུར། གློག་དྲ་རིམ་སྤར་བསྒྱུར་བཅོས། མི་འབོར་གྱི་འཐུང་ཆུའི་བདེ་འཇགས། རིག་གནས་ཐང་ཆེན་དང་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་། རྒྱང་སྒྲོག་བརྙན་འཕྲིན། ཨང་ཀིའི་དྲ་བ་སོགས་ལས་གཞི་དངོས་སུ་ལག་བསྟར་བྱས་ཏེ། སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱིས་ཆུ་གཙང་མ་འཐུང་ཐུབ་པ་དང་བདེ་འཇགས་ངང་གློག་བཀོལ་ཐུབ་པ། ལམ་བདེ་མོར་བགྲོད་ཐུབ་པ་བཅས་ཁག་ཐེག་བྱས། སྡེ་བའི་འཛུགས་སྐྲུན་བྱ་བའི་ཁྲོད་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུས་ཞིང་སྡེར་ཁྱབ་པར་གཙིགས་ཆེན་བྱས་པ་དང་། གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་རང་བྱུང་སོལ་རླངས་སྡེ་བར་ཐོན་པ། ཞིང་སྡེའི་བཙོག་ཆུ་གྲོང་ཁྱེར་གྱི་སྦུག་དྲ་ལ་མཐུད་པ་དང་། གད་སྙིགས་བསྡུ་རུབ་དང་སྤྱི་སྤྱོད་འགྲིམ་འགྲུལ་ཞབས་ཞུ་སྡེ་བར་ཐོན་པ་བཅས་མངོན་འགྱུར་བྱས་ཏེ། རོང་འབྲོག་མང་ཚོགས་ལ་མཁར་གྲོང་གི་དཔལ་ཡོན་མཉམ་རོལ་བྱེད་དུ་བཅུག

ཟླ10པའི་ཟླ་མཇུག་བར་དུ། ད་ལོར་རང་ཞིང་གིས་མཐོ་སྒང་གི་མཛེས་པའི་ཞིང་སྡེ300འཛུགས་སྐྲུན་བྱེད་པའི་ཁྲོད་དུ། ཉི་གློག་ལམ་སྒྲོན་གྱི་གློག་སྡོང16601བཙུགས་ཤིང་། གྲོང་མིའི་བྱ་འགུལ་ཐང་ཆེན262གསར་སྐྲུན་དང་རྒྱས་སྐྲུན་བྱས་ལ། སྡེ་བའི་བགྲོད་ལམ་སྤྱི་ལེ1211.2ལས་པ་དང་། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས92གསར་དུ་བསྐྲུན་ཞིང་། སྡེ་བ73གྱི་གློག་དྲ་བསྒྱུར་བཅོས་བྱས་པ་དང་། སྡེ་བ133ལ་འཐུང་ཆུའི་བདེ་འཇགས་རིམ་སྤར་ལས་གཞི་ལག་བསྟར་བྱས་པར་མ་ཟད། རིག་གནས་དང་ལུས་རྩལ་གྱི་སྒྲིག་ཆས་ཆ་ཚང147བཀོད་སྒྲིག་བྱས་པ་རེད།

དུས་མཉམ་དུ། ས་ཆ་སོ་སོས་རྫོབ་བཙོག་ཞན་གསུམ་བཅོས་སྐྱོང་བྱེད་པ་ནས་མགོ་བརྩམས་ཏེ། སྡེ་བ88ལ་ཁོར་ཡུག་མུ་སྦྲེལ་ཕྱོགས་བསྡུས་ལེགས་སྒྲིག་ལས་གཞི་ལག་བསྟར་བྱས་པ་དང་། མང་ཚོགས་ལ་སྐུལ་སློང་དང་རྩ་འཛུགས་བྱས་ནས་ཁོར་ཡུག་མུ་སྦྲེལ་ལེགས་སྒྲིག་ལས་གཞིའི་ནང་ཞུགས་སུ་བཅུག་སྟེ། གྲོང་སྡེའི་ཁོར་ཡུག་དང་རྣམ་པ་མཛེས་བཟོ་ལེགས་པོ་བྱས། ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་ལས་གཞི་མགོ་བརྩམས་ནས་ལག་བསྟར་བྱས་ཤིང་། གད་སྙིགས་སྒམ་ཆུང7431དང་གད་སྙིགས་བརྒྱུད་འདྲེན་སྒྲིག་ཆས159བཀོད་སྒྲིག་བྱས་པ་དང་། རྫོང་ཁག16གི་སྡེ་བ125རུ་ཞིང་སྡེའི་བཙོག་ཆུ་བཅོས་སྐྱོང་ཚོད་ལྟ་བྱེད་ས་བཙུགས་ཏེ། ཞིང་སྡེའི་བཙོག་ཆུ་བཅོས་སྐྱོང་ཐད་ཉམས་མྱོང་མི་དམན་པ་བསགས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།