​ལིག་ཉིང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རུ་སོང་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས་པ་དང་ལས་བྱེད་པར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་དོན་ཆེན་པོ་དྲུག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཧུར་ཐག་གིས་མདུན་གྲས་སུ་སྐྱོད་པ་བཅས་བྱས་ནས། འཛམ་གླིང་གི་མི་ཡོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དང་རབ་མཛེས་མཚོ་སྔོན་གྱི་ཁྱད་འཕགས་འགུག་ཤུགས་མཐོང་ཐུབ་པར་བྱེད་དགོས་ཟེར།

ལིག་ཉིང་གིས་ལས་བྱེད་པ་དང་བཞུགས་མོལ་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལས་བྱེད་པ་ཡོངས་ལ་བཀའ་དྲིན་དང་ལོ་སར་གྱི་སྨོན་འདུན་ཞུས།

ལིག་ཉིང་གིས་བསྟན་དོན། 2019ལོ་ནི་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་ལོ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་གནད་འགག་གི་ལོ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་སྤྱིའི་མིག་རྒྱ་ཆེར་སྐྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། རང་འགུལ་གྱིས་སྲིད་ཇུས་སྒྲིག་གཞི་དང་རྐྱེན་སྲོལ་ལ་ཞིབ་འཇུག་བྱེད་པ། ལོ་ཧྲིལ་བོའི་སྤྱི་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་ཚོགས་ཆེན་ལ་གྲ་སྒྲིག་བཟང་བོ་བྱེད་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པ་བརྒྱུད་དེ་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བཅས་ནི་ཕུང་བོ་གཅིག་ཏུ་གྲུབ་པའི་སྐྱེ་ཁམས་ལྟ་བ་འཛུགས་པ། བཅོས་སྒྱུར་གདོང་ལེན་པ་བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ལམ་ལུགས་ཆེས་ནན་མོ་དང་ཁྲིམས་སྐྱོང་ཆེས་དམ་པོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་ཀྱིས་མི་དམངས་ལ་ཕན་འདོགས་ཐུབ་པར་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། མགྱོགས་མྱུར་སྒོས་རྒྱལ་ཁོངས་ལྗང་སྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། སྔོ་ལྗང་བར་སྟོང་གི་བསྡུར་ཚད་དང་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་བྱེད་དགོས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། གཅིག་གྱུར་སྒོས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་དགོས། ནགས་ལས་དང་རྩྭ་ཐང་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་དབང་ནགས་རའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ནགས་རྩྭ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།