མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་ལས་ཁུངས་ཀྱིས་ཡུལ་ཤུལ་ཁུལ་གྱི་གངས་སྐྱོན་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ།

20190227102018Zn7d.png

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱི་ལས་བཟོ་བས་གངས་སྐྱོན་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་བཅས་ཀྱི་ས་ནས་སོ་སོར་གནོད་ཁུལ་སེམས་ལ་བཅངས་ནས་གངས་སྐྱོན་གནོད་འཚེ་སེལ་བ་ཞེས་པའི་ཆེད་དོན་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ་ཏེ། ལག་ལེན་དངོས་ལ་བརྟེན་ནས་ཡུལ་ཤུལ་གྱི་གངས་སྐྱོན་གནོད་འཚེ་ཐེབས་སའི་གནོད་འགོག་རྒུད་སྐྱོབ་བྱ་བར་རོགས་འདེགས་བྱས།

སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་སོགས་ཞིང་ཆེན་རིམ་པའི་འགོ་ཁྲིད་རྣམས་ཀྱིས་སྣེ་ཁྲིད་ཀྱི་མིག་དཔེ་བསྟན་ནས། གངས་གནོད་ཐེབས་སར་ཞལ་འདེབས་ཕུལ། ཡུལ་ཤུལ་སོགས་ལ་གངས་སྐྱོན་གྱི་གནོད་འཚེ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བར་མཐོང་ཆེན་བླ་མེད་བྱས་ཏེ། དུས་ལྟར་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་བྱས་ནས། གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ཡིད་ལ་དམ་པོར་བཅངས་པ་ལས་གཞན། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དངོས་སུ་གནོད་ཐེབས་ས་ཁུལ་ཏུ་སོང་ནས་གནོད་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས། གནོད་ཐེབས་ས་ཁུལ་ཡིད་ལ་བཅངས་ནས་ཁངས་སྐྱོན་གནོད་འཚེ་སེལ་བ་ཞེས་པའི་ཆེད་དོན་ཞལ་འདེབས་ཕུལ་བའི་བྱ་འགུལ་ནི། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་པའི་ལག་ལེན་ཞིབ་ཕྲ་ཡིན་པས། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོས་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་གནོད་འགོག་རྒུད་སྐྱོབ་བྱ་བའི་ཁྲོད་ཟབ་ཞུགས་བྱེད་ཀྱིན་ཡོད།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ནི་མི་ཆོས་རིང་ལུགས་ཀྱི་བྱ་བ་གཉེར་བའི་སྤྱི་ཚོགས་རོགས་སྐྱོར་ཚོགས་པ་ཞིག་ཡིན་པའི་ཆ་ནས། ཡུལ་ཤུལ་གྱི་གངས་སྐྱོན་མཁོ་བསྟུན་རོགས་སྐྱོར་བྱ་བའི་ཁྲོད་འབད་པས་ཞུགས་ཏེ། སྔ་ཕྱི་ཐེངས་གཉིས་ལ་ཡུལ་ཤུལ་གྱི་གངས་གནོད་ཐེབས་སར་གནོད་སེལ་རོགས་སྐྱོར་མ་དངུལ་དང་དངོས་རྫས་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་བརྒྱད་ལྷག་ཕུལ་བར་མ་ཟད། སྤྱི་ཚོགས་ཡོངས་ཞལ་འདེབས་ཁྲོད་ཞུགས་རྒྱུའི་གྲོས་འགོ་བཏོན་ནས། སྐུལ་སློང་གི་ནུས་པ་ཆེན་པོ་ཐོན་པར་མ་ཟད། གནོད་ཐེབས་ས་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས། ཞལ་འདེབས་ཕུལ་བའི་དངོས་པོ་དང་སྒོར་མོ་ཚང་མ་སྒྲོག་སྤེལ་སྟེགས་བུ་བརྒྱུད་དེ་སྤྱི་ཚོགས་ཡོངས་ལ་ཁྲོམ་བསྒྲགས་བྱས་ནས། ཞལ་འདེབས་ཕུལ་བའི་དངོས་པོ་དང་སྒོར་མོ་ཚང་མ་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་འགན་ལེན་ཁག་ཐེག་བྱས་ཏེ། གངས་སྐྱོན་གནོད་འགོག་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།