ཝང་ཅན་ཅུན་དང་ལིག་ཉིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགོད་པ་དང་ལས་བཟོ་བར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་བདེ་ལེགས་ངང་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཅན་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིག་ཉིང་གཉིས་ཀྱིས་མཚོ་སྔོན་འཐུས་ཚབ་ཚོགས་པ་ཡོད་སར་སོང་ནས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་སྨྱན་བྱེད་འགན་ཁུར་བློ་མཐུན་དང་། ཚོགས་པ་དང་མཉམ་དུ་ཡོང་བའི་གསར་འགོད་པ། འཐུས་ཚབ་ཚོགས་པའི་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཀོང་རུང་གཉིས་ཀྱིས་འཚམས་འདྲི་བྱེད་རོགས་བྱས།

ཝང་ཅན་ཅུན་དང་ལིག་ཉིང་གཉིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མདུན་སའི་འཁྲབ་གཏོང་ཁང་དང་རྩོམ་སྒྲིག་ཁང་དུ་སོང་ནས། ཚོགས་ཞུགས་གསར་འགོད་པ་དང་། རྩོམ་སྒྲིག་པ།ལག་རྩལ་བཅས་མི་སྣ་རེ་རེ་བཞིན་ལག་འཇུ་བྱས་ནས་ཁ་བརྡ་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལེ་ཚན་བསྒྲུབས་ནས་འབད་འབུངས་ཧུར་སྐྱེད་བྱས་པར་ཁས་ལེན་ཡང་དག་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཚོགས་ཆེན་གཉིས་འགོ་བརྩམས་པ་ནས་བཟུང་། ཁྱོད་ཚོས་རང་རང་གི་ལག་ན་ཡོད་པའི་སྨྱུ་གུ་དང་བརྙན་མིག་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དགོངས་དོན་གསར་བ་དང་ཀྲུང་གོའི་གཏམ་རྒྱུད་ཀྱི་ཆེས་ངོ་མཚར་ཆེ་བའི་ལོ་རྒྱུས། འཐུས་མི་དང་ཨུ་ཡོན་རྣམས་ཀྱི་འཇོན་ནུས། གཉེན་ཉེ་རྣམས་ཀྱི་དོ་ཁུར་བྱེད་ཡུལ་གཙོ་བོ་བཅས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་གཟིགས་མོ་བ་ཀུན་གྱི་སྙན་ལམ་དང་སྤྱན་ལམ་གང་རུང་ལ་བསྟན་པ་ལས་གཞན།  གསར་འགྱུར་ལས་བྱེད་པའི་སྙིང་སྟོབས་དང་མཚོ་སྔོན་གསར་བའི་སྙིང་སྟོབས་མངོན་ཅི་ཐུབ་བྱས་ཡོད་པས། ཁྱོད་ཚོ་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བཀའ་དྲིན་ཞུས་པ་ཡིན། གསར་འགྱུར་ལས་བྱེད་པ་ནི་དུས་རབས་ཀྱི་དྲུང་ཡིག་དང་ལོ་རྒྱུས་འབྲི་མཁན་ཡིན། དུས་རབས་གསར་བ་ནི་དཀའ་སྤྱད་མདུན་སྐྱོད་ཀྱི་དུས་རབས་ཤིག་ཡིན་ལ། མདུན་དུ་སྐྱོད་ཀྱིན་པའི་དུས་རབས་གསར་བ་འདིས་ང་ཚོ་མི་རེ་རེར་དུས་རབས་ཀྱི་གཟི་མདངས་ཚོར་ཐུབ་པའི་མིག་ཟུང་རེ་གནང་ཡོད་ཅིང་། ང་ཚོས་མིག་ཟུང་དེར་བརྟེན་ནས་རྒྱལ་ཡོངས་ཀྱི་ཆེས་གླེང་རིན་ཡོད་པ་དང་མཚོ་སྔོན་གྱི་ཆེས་བསྟོད་རིན་ཡོད་པ་སྔོག་འདོན་བྱེད་དགོས་ཟེར།

དེའི་རྗེས། ཝང་ཅན་ཅུན་དང་ལིག་ཉིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཚོགས་ཁང་དུ་སོང་ནས། ཚོགས་པ་དང་མཉམ་དུ་ཡོང་བའི་ལས་བྱེད་པར་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཤིས་ཚིག་ཕུལ། ཝང་ཅན་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་འཐུས་ཚབ་ཚོགས་པ་ནི་ཚོགས་པ་ཆུང་ཆུང་ཞིག་ཡིན་ནའང་། དེས་བྱེད་ནུས་མི་དམན་པ་ཞིག་འདོན་སྤེལ་བྱས་ཡོད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཚོགས་རའི་ཡུལ་དངོས་ནས་བློ་འདོན་ཇུས་འབུལ་བྱེད་ཀྱིན་ཡོད་ཅིང་། ལས་བཟོ་བ་རྣམས་ཀྱིས་དེ་དག་གི་ལྟག་རྒྱབ་ན་བྱས་རྗེས་ཆེན་པོ་འཇོག་གིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།