མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་ཁྲིམས་རིག་པ་ཚོགས་པའི་ལས་འཛིན་རྒྱ་སྐྱེད་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་ཁྲིམས་རིག་པ་ཚོགས་པའི་ལས་འཛིན་རྒྱ་སྐྱེད་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་རིག་པ་ཚོགས་པའི་ཚོགས་གཙོ་ཝང་ཞའོ་ཡུང་གིས་གཏམ་བཤད།

ཝང་ཞའོ་ཡུང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་རྒྱལ་ཡོངས་ཚོགས་མི་འཐུས་ཚབ་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། ན་ནིང་གི་བྱ་བར་སྤྱི་སྡོམ་ནན་མོ་བྱེད་པ་དང་ད་ལོའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཏེ། ཀྲུང་དབྱང་གི་ཁྲིམས་རིག་པ་ཚོགས་པའི་ལས་དོན་གྱི་བླང་བྱ་མཚོ་སྔོན་ཅན་དང་ཞིབ་ཕྲ་ཅན་དུ་བསྒྱུར་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཁྲིམས་རིག་པ་དང་བཅའ་ཁྲིམས་བྱ་བ་བསྒྲུབ་མཁན་ཡོངས་ཀྱིས་དམིགས་པ་གཅིག་ལ་གཏད་དེ་མཉམ་དུ་འབད་འབུངས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཧུར་བརྩོན་ཆེན་པོས་བདེ་ཐང་གི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་བསྐྲུན་པའི་ལས་དོན་ཁྲོད་ཟབ་ཞུགས་གནང་མཐར། དུས་རབས་གསར་བའི་མཚོ་སྔོན་གྱི་ཁྲིམས་རིག་པ་ཚོགས་པའི་ལས་དོན་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་རིག་པ་ཚོགས་པའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་བྱ་བར་ཤུགས་བསྣན་ནས། ཏང་གི་འགོ་ཁྲིད་ཀྱིས་ཁྲིམས་རིག་པ་ཚོགས་པའི་ལས་དོན་གྱི་ཐོག་མཐའ་བར་གསུམ་ཀུན་ལ་བརྒྱུས་ཏེ། ཁྲིམས་རིག་པ་ཚོགས་པའི་བྱ་བ་སྐས་རིམ་གསར་བ་ཞིག་ལ་བསླེབ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།