གསོན་ཉམས་དོད་པའི་སྣོད་བཅུད་སློབ་ཚན་ཞིག

རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་དུ་བསྐྲུན་པའི་མཚོ་བོད་ས་མཐོའི་སྣོད་བཅུད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རྒྱང་རིང་བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་སྟེ“སྣོད་བཅུད་སྐར་ཁུང”བེད་སྤྱད་ནས་ལོ་3ཙམ་སོང་རིང་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་གསར་འགོད་པ་དང་ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་དང་པོའི་དམའ་རིམ་ལོ་རིམ་དང་པོའི་འཛིན་གྲྭ་བདུན་པའི་སློབ་མ་52ཀྱིས་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དང་ལེ་དབར་སྟོང་ཆོད་པའི“སྣོད་བཅུད་སྐར་ཁུང”གི་ཚོམས་ཆེན་ནང་གསོན་ཉམས་དོད་པའི་སྣོད་བཅུད་སློབ་ཚན་ཞིག་ཉན་པ་རེད།

ཚོམས་ཆེན་ནང་སྐྱོད་སྐབས་ས་མཐོའི་ས་ཆ་ཁག་ཏུ་བསྒྲིགས་པའི་རྒྱང་རིང་ནས་ཚོད་འཛིན་ཐུབ་པའི་པར་རྒྱག་འཕྲུལ་ཆས་སྦྲེལ་བའི་བརྙན་ཡོལ་ཆེ་མོ་བརྒྱུད། སློབ་མ་ཚོས་རྒྱང་རིང་གི་རྨ་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོའི་དངོས་ལྗོངས་མཐོང་ཐུབ་པ་མ་ཟད། གསའ་དང་ཤ་སྐྱ་སོགས་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྐྱེ་དངོས་དང་སྲོག་ཆགས་མིག་མདུན་དུ་མཐོང་གི་ཡོད།

སློབ་མ་ཚོའི་ཡ་མཚན་གྱི་རྣམ་འགྱུར་དང་རེ་སྒུག་ཁྲོད་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་ལས་དོན་མི་སྣ་ཀྲང་ཕིང་གིས་དངོས་རིགས་ཀྱི་ཁྱབ་ཚུལ་དང་། གཙང་པོ་དང་མཚེའུའི་མ་ལག རྩྭ་ཐང་དང་འཁྱག་རོམ་སོགས་ཀྱི་རྨང་གཞིའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། གྲངས་གཞི་དང་པར་རིས་མང་པོར་བརྟེན་ཏེ་མཚོ་སྔོན་གྱི་གལ་ཆེའི་སྣོད་བཅུད་གནས་བབ་སྐོར་བཤད་པས་སློབ་མ་ཚོས་ནན་ཏན་ངང་ཉན་ནས་ཟིན་བྲིས་བརྒྱབ་ཀྱི་ཡོད།

“སྣོད་བཅུད་སྐར་ཁུང”གི་ལས་དོན་མི་སྣས་དངོས་ལྗོངས་བརྒྱུད་གཏོང་མ་ལག་སྟེ“རྒྱང་ཤེལ”བརྒྱུད་ནས་སློབ་མ་ཚོར་རྨ་ཆུའི་ཆུ་འགོའི་མཚོ་སྐྱ་རེངས་དང་གཉན་པོ་གཡུ་རྩེ་སོགས་ཀྱི་དངོས་ལྗོངས་བསྟན་ཡོད། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུ་ལྗོན་ཤིང་སྔོ་ཐིང་ཐིང་དང་དཔྱིད་དྲོད་སླེབས་ནས་མེ་ཏོག་རབ་ཏུ་བཞད་པའི་དུས་དེར་གཙང་གསུམ་ཆུ་འགོའི་ས་ཆ་ཁག་གཅིག་ཏུ་སྔར་བཞིན་ཁ་བས་བཀླུབས་པ་དང་ཆུ་བོར་དར་ཆགས་ནས་ཉི་འོད་འོག་འཁྱག་པའི་མདངས་རྒྱག་གི་འདུག

“སྣོད་བཅུད་སྐར་ཁུང”བརྒྱུད་སློབ་མ་ཚོས“མཁའ་དབྱིངས་ཀྱི་གནས”ཚྭ་ཁར་བལྟས་པ་དང་ཚང་མས་དེ་གའི་མཛེས་ལྗོངས་ལ་བསྔགས་བརྗོད་བྱས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་གི་པར་རྒྱག་ས་ཚིགས་བརྒྱུད་སློབ་མོ་ཚོས་རི་ཁྲོད་དུ་ཅི་དགར་རོལ་བའི་བྱ་རྒོད་ཀྱི་སྒྲོ་གསལ་པོར་མཐོང་།

སློབ་ཁྲིད་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། དགེ་རྒན་གྱིས་སྐྱེ་དངོས་དང་ས་མིང་མནན་རིམ་བཞིན་སློབ་མ་ཚོས་འཚང་ཁ་ཤིག་ཤིག་ངང“འབྲི་ཆུའི་ཆུ་འགོ”དང་། “མདོ་ལ་རི་བོ” “ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ”“རྐྱང”སོགས་རེད་ཅེས་ལན་བཏབ་པས་ཀྲང་ཕིང་གིས་སྐར་མ་བཅུ་གྲངས་ཁ་ཤས་གོང་བཤད་པའི་དངོས་རིཌ་དང་ས་ཁམས་ཀྱི་ཤེས་བྱ་སློབ་མ་མང་ཆེ་བས་སེམས་ནང་ངེས་ཡོད་པ་གསར་འགོད་པར་དོ་སྣང་བྱུང་།

སློབ་མ་ཚོའི་སློབ་ཚན་ཉན་སྐབས་ཀྱི་གྲུང་ཤ་དོད་པའི་རྣམ་པར་དེ་གར་ཡོད་པའི་ལས་དོན་མི་སྣ་དང་དགེ་རྒན་གྱི་བསྔཌ་བརྗོད་ཐོབ། འཛིན་གྲྭའི་ཀྲུའུ་རེན་ནེ་ཙེ་དབྱི་ཡིས“ཕྲུ་གུ་ཚོས་སློབ་ཚན་ཉན་གིན་གྲོས་བསྡུར་བྱས་ནས་གོ་ཆོད་པའི་སྣོད་བཅུད་ཤེས་བྱ་མང་པོ་ཤེས་ཡོད། དེ་སྔ་ཕན་འབྲས་བཟང་པོ་དེ་འདྲ་ཐོབ་ཡོང་བསམ་མྱོང་མེད”ཅེས་བཤད།

སློབ་སྦྱོང་དང་ལྟ་སྐོར་བྱེད་རིང་སློབ་མ་ཚོས་ཅི་བསམ་ལྷུག་པོར་གླེང་། འཇིགས་མེད་ཕུན་ཚོགས་ཀྱིས“མཚོ་སྔོན་ལ་སྲོག་ཆགས་སྙིང་རྗེ་པོ་མང་པོ་ཡོད་པས་ཚང་མས་ཁོང་ཚོར་གཅེས་སྤྲས་བྱེད་དགོས”ཞེས་བཤད་པ་དང་། ཅིན་ཆིན་ཤིན་གྱིས“གཙང་གསུམ་ཆུ་འགོ་ནི་ང་ཚོའི་ཁྱིམ་གཞིས་ཡིན་པས་དེར་ཚང་མས་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་ཡོད”ཅེས་བཤད།

ཕྲུ་གུ་ཚོའི་བྱིས་བློ་མངོན་པའི་ངོ་གདོང་དང་ཡ་མཚན་གྱི་མིག་ཟུང་ལས་དེ་གར་ཡོད་པའི་དར་མ་ཚང་མར་སེམས་འགུལ་ཐེབས།

“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་ས་བོན་ཞིག་སློབ་མ་ཚོའི་སེམས་ནང་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ནས་མཐར་མཁའ་ལ་སྙེགས་ཐུབ་པའི་ལྗོན་ཤིང་ཆེ་མོ་ཞིག་ཏུ་འཚར་ངེས་རེད”ཅེས་ནེ་ཙི་དབྱི་ཡིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།