དཀར་མཛེས་ཁུལ་གྱིས་འབད་བརྩོན་ཧུར་ཐག་བྱས་ཏེ་འགག་སྒྲོལ་ལས་ཀའི་འགན་འཁྲི་ཕྲག་ཏུ་ཁུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མ་ཉིན་ཤས་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་གི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆེད་དོན་གྲོས་ཚོགས་འཚོགས་པ་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། ཟུར་སྦྱོང་བྱེད་སའི་དཔྱད་གཞིའི་ཡིག་རིགས་བཀྲམ་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐའ་གཅིག་ཏུ་ངོས་འཛིན་བྱ་རྒྱུར། གྲོས་ཚོགས་འདི་ནི་བསམ་བློ་གཅིག་འགྱུར་དང་ཐུན་མོང་གི་ངོས་འཛིན་ཆགས་པ། ནུས་ཤུགས་གོང་བུར་འགྲིལ་པའི་ཆབ་སྲིད་མཚོན་ཚུལ་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རླབས་ཆེ་བའི་དམིགས་ཡུལ་ཕྱོགས་སུ་སྐྱོད་པར་སྐུལ་མ་གཏོང་བའི་ཆབ་སྲིད་ཀྱི་སྐུལ་སློང་ཞིག་ཀྱང་ཡིན་པར་བརྟེན།  རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་འབད་འཐབ་བྱེད་པར་བསམ་བློའི་སྒུལ་ཤུགས་ཆེན་པོ་ཆགས་པ་རེད།

བརྒྱད་ཟིལ་རྫོང་གི་རིམ་པ་ཁག་གི་ལས་བྱེད་པ་དང་ལས་བཟོ། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་བྱ་རྒྱུ། ཞིང་ཆེན་དང་ཁུལ་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙིང་དོན་དང་ཟུང་འབྲེལ་བྱ་རྒྱུ་དང། རང་སྦྱོང་དང་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྔར་ལས་ལྷག་པར་གྲོས་ཚོགས་ཀྱི་ཕུན་སུམ་ཚོགས་པའི་སྙིང་དོན་དང་གཞི་རྩའི་བླང་བྱ་ལ་ངོས་འཛིན་ཇེ་དྲག་ཏུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་དཔལ་ཡོན་དང་འཆམ་མཐུན་འབྱོར་འབྲིང་གི་བརྒྱད་ཟིལ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་གང་ཐུབ་བྱ་རྒྱུ་དང་། དངོས་གནས་ཀྱི་གྲུབ་འབྲས་ཡག་པོ་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱས་དང་བྱེད་བཞིན་ཡོད་པ་རེད།

འདབ་པ་རྫོང་།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། འདབ་པ་རྫོང་གིས་རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་དང་། ཤང་དང་གྲོང་རྡལ། ཏང་ཡོན་ལས་བྱེད་པ་སོགས་སྒྲིག་འཛུགས་ཡག་པོ་བྱས་ཏེ་བརྙན་འཕྲིན་དང་དྲ་བ་སོགས་ཀྱི་སྨྱན་སྦྱོར་ཡོ་བྱད་བརྒྱུད་ནས་གྲོས་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པར་མ་ཟད་ཡོངས་ཁྱབ་ཏུ་གྲོས་བསྡུར་བྱས་པ་རེད།

རྒྱ་ཆེ་བའི་ལས་བྱེད་པས་གྲོས་ཚོགས་ཀྱི་སྙིང་དོན་ལ་དམ་པོར་དམིགས་པ་དང་། ནུས་ཤུགས་གང་ཡོད་ཀྱིས་རྨང་གཞི་ཆེན་པོ་ལྔའི་ལས་ཀ་སྲ་བརྟན་དུ་གཏོང་བ་དང་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་གཏིང་ཟབ་བྱས་ནས། དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་སྐྱོད་པ་དང་ཡུན་རིང་བདེ་འགོད་ཡོང་བར་སེམས་ཤུགས་གཅིག་སྒྲིམ་བྱ་རྒྱུ་དང་། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་འགོ་ཁྲིད་ཀྱི་གལ་ཆེ་བའི་བླང་བྱ་འཆུག་པ་མེད་པར་ཁོང་དུ་ཆུད་རྒྱུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏང་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུའི་འཕེལ་རིམ་ཟབ་ཏུ་གཏང་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་རི་ཀླུང་སྔོ་ཞིང་ཆུ་བོ་དྭངས་བའི་ཆབ་སྲིད་ཀྱི་ཁོར་ཡུག་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་བརྟེན། མཛེས་སྡུག་སྐྱེ་ཁམས་དང་གསར་གཏོད་སྒོ་འབྱེད།བདེ་སྐྱིད་འབྱོར་འབྲིང་གི་འདབ་པ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་རྒྱུའི་ཆོད་སེམས་བཞག་པ་རེད།

རྟའུ་རྫོང་།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། རྟའུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚགས་པར་དང་། རྒྱང་བསྒྲགས། བརྙན་འཕྲིན། དྲ་བ་སོགས་སྨྱན་སྦྱོར་ཡོ་བྱད་བརྒྱུད་ནས་གྲོས་ཚོགས་ཀྱི་སྙིང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།ཕྱིན་ཆད་ཀྱི་འཕེལ་རྒྱས་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་པ་རེད།

རྫོང་དེའི་གྲོང་ཁུལ་དོ་དམ་ཅུས་ཀྱི་ལས་བྱེད་པ་ཆིའུ་ཙེ་ཡུང་གིས་རྒྱུན་ཆད་མེད་པར་ཡུན་རིང་བདེ་འགོད་ཡོང་བར་སྲ་བརྟན་གཏོང་བའི་དངོས་པོའི་རྨང་གཞི་ནི་སྔར་ལས་ལྷག་པར་གྲོང་ཁྱེར་དོ་དམ་བྱེད་པའི་འདུ་ཤེས་གསར་གཏོད་བྱ་རྒྱུ་དང་། གྲོང་ཁུལ་གྱི་དཀའ་གནད་སྣ་ཚོགས་ལ་དམིགས་ནས་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་ཐབས་ཤེས་གསར་པ་འཚོལ་ཞིབ་བྱས་ནས་མང་ཚོགས་ཀྱི་བློར་བབ་ཚད་ཇེ་དྲག་ཏུ་གཏང་རྒྱུ་དེ་ཡིན་ཞེས་བཤད་པ་རེད།

སྡེ་རོང་རྫོང་།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། སྡེ་རོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་ནས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་དཀར་མཛེས་ཁུལ་དུ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱུན་ཆད་མེད་པར་བདེ་སྐྱིད་ཀྱི་ཚོར་སྣང་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པར་བསྔགས་བརྗོད་བྱས་པ་རེད།

རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པ་ཀྲང་ཞུའེ་ཧྥེང་གིས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་སྡེ་རོང་འཛུགས་སྐྲུན་བྱེད་པར་ང་ཚོས་ནུས་ཤུགས་ཧུར་ཐག་བསྒྲིམས་ནས་ལས་ཀ་བསྒྲུབ་རྒྱུ་དང་།གཞི་རིམ་དུ་ཕྱིན་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་ལས་ཀ་སྣ་ཚོགས་དེ་བས་ཞིབ་ཕྲ་དང་དེ་བས་ཡག་པོ་སྒྲུབ་གང་ཐུབ་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅོ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།