ད་ལོར་དཀར་མཛེས་ཁུལ་གྱིས་བྱེད་ཐབས་བཞིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སྐས་རིམ་གསར་པར་བསླེབ་པར་སྐུལ་འདེད་གཏང་རྒྱུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་སྲིད་གཞུང་ལས་དོན་སྙན་སྒྲོན་གྱིས་དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གསར་པ་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་པ་རེད། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པའི་ཐོག་བསླེབ་པར་སྐུལ་འདེད་གཏང་རྒྱུ་རེད།

གཅིག་ནི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ལེགས་སྐྱོང་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཐོན་ཁུངས་དང་ཁྱོན་ཡོངས་ནས་བཀོད་སྒྲིག མི་ཚང་མ་ཞུགས་རྒྱུའི་རེ་འདུན་ལྟར། དར་མདོ་དང་རོང་བྲག   འདབ་པ། དུང་དཀར་ལུང་པ་སོགས་སྔོན་དུ་ཚོད་ལྟ་ལག་ལེན་བྱས་པའི་ས་ཁུལ་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ《ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལས་ཀའི་སྲོལ་ཡིག》གི་ཁྲིད་སྟོན་འོག   ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་འཛུགས་སྐྱོང་བྱེད་པར་བསུ་མ་བྱ་རྒྱུའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས་འཛམ་གླིང་གི་ཡུལ་སྐོར་བྱེད་སའི་དམིགས་ཡུལ་ས་གནས་འཛུགས་སྐྱོང་བྱ་རྒྱུར་རྨང་གཞི་བརྟན་པོར་འདིང་རྒྱུ་ཡིན་པ་རེད།

གཉིས་ནི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཚད་གཞི་མཐོར་འདེགས་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར26.3བཏང་ནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཕྱིའི་མ་ལག་དང་མི་ཉག་ཡུལ་སྲོལ་གྱི་གྲོང་རྡལ་ཆུང་ཆུང་། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད། གྲོང་གསེབ་ཀྱི་མཛེས་ལྗོངས་ལེགས་བཅོས་ལས་གྲྭ་སོགས་ཕྱོགས་བསྡུས་ཞབས་ཕྱིའི་ལས་གཞི76འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།

གསུམ་ནི་ཡུལ་སྐོར་ཚོང་གཉེར་དྲིལ་བསྒྲགས་ཡག་པོ་བྱས་ཏེ2018ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན་འཛུགས་གཉེར་བྱེད་པའི་གོ་སྐབས་དང་བསྟུན་ནས་རི་ཀླུང་ཡུལ་སྐོར་དེ་ལོ་ཧྲིལ་པོའི་ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་བྱ་རྒྱུའི་གཙོ་ཕྱོགས་སུ་བརྩིས་ནས་ཧུར་ཐག་གིས་སྐབས་གསུམ་པའི་ཉི་སྟེན་འབྲུག་ལྡིང་མཁའ་སྐྱོད་དུས་ཆེན་དང་དུང་དཀར་ལུང་པའི་ལྷོ་རྒྱུད་འཁྱགས་ཀླུང་དུས་ཆེན། ལི་ཐང་བརྒྱད་གཅིག་རྒྱལ་སྤྱིའི་རྟ་རྒྱུག་དུས་ཆེན། སྐབས་དང་པོའི་རྒྱལ་སྲུང་གཞུང་ལམ318པའི་ཐོན་ལས་མཉམ་འབྲེལ་དངོས་མང་སྟོན་ཚོགས། གངས་དཀར་རི་བོ་སྐོར་བའི་འགྲན་བསྡུར་སོགས་དུས་ཆེན་གྱི་འགྲན་བསྡུར་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

བཞི་ནི་ཡུལ་སྐོར་སྣེ་ལེན་ཞབས་ཕྱིའི་སྤུས་ཀ་ལེགས་སྐྱོང་བྱས་ཏེ་ཡུལ་སྐོར་མཛེས་ལྗོངས་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ་ཁྱོན་ཡོངས་ནས་འདབ་པའི་ཉི་སྟེན་དང་དར་མདོའི་མི་རྒོད་མཚོAལྔ་རིམ་པར་བསྐྲུན་རྒྱུ་དང་། མི་ཉག་གནས་མཆོག་དང་ཕྱག་ཕྲེང་གི་བོད་སྡེ་གྲོང་གསེབ་སོགས་མཛེས་ལྗོངས་ཁུལ་བརྒྱདAབཞི་རིམ་པར་བསྐྲུན་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ཚོང་རའི་སྒྲིག་ལམ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་དང་ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏང་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།