དཀར་མཛེས་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག2017ལོའི་ཁུལ་བཟོ་ཚོང་མཉམ་འབྲེལ་གྱི་ལས་ཀ་དང་དམངས་གཉེར་དཔལ་འབྱོར་ལས་ཀ། འཕེལ་རྒྱས་ཀྱི་ནང་གནས་ཆ་རྐྱེན་གྱི་ཆེད་དོན་བཅོས་སྐྱོང་བྱེད་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།

ལིའུ་ཁྲེང་མིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས་ནན་གསུང་གནང་དོན། དམངས་གཉེར་དཔལ་འབྱོར་ནི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནུས་ཤུགས་གཙོ་བོ་དང་ས་གནས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ། ལས་ཞུགས་རྒྱ་སྐྱེད་གཏོང་ཡས་ཀྱི་ནུས་ལྡན་ཐབས་ལམ་དང་དམངས་འཚོ་ལེགས་བཅོས་ཀྱི་འགན་སྲུང་ནུས་ལྡན་བཅས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། ཁོང་གིས་གསུངས་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན། སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་དགོངས་དོན་གྱིས་བློ་རིག་ལ་དྲག་ཆས་སྤྲས་ནས་ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ་འདེད་གཏང་དགོས། གཉིས་ནི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱ་དགོས། དམངས་གཉེར་ཁེ་ལས་ཀྱིས་རང་ཁུལ་འཕེལ་རྒྱས་གཏོང་བའི་རྗེས་ཤུགས་དགེ་མཚན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཐོན་ཁུངས་ཀྱི་དགེ་མཚན་དང་ཚོང་རའི་དགེ་མཚན་ཟུང་འབྲེལ་བྱ་དགོས། གསུམ་ནི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཁྲོད་ཀྱི་མ་རྩ་ས་ཁོངས་ཡོངས་སུ་ཡུལ་སྐོར་དང་སྐྱེ་ཁམས་ཐོན་ཁུངས། མི་རིགས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་སོགས་ཁྱད་ཆོས་ཡོད་པའི་ཐོན་འཕེལ་རྒྱས་གཏང་རྒྱུའི་ནང་འཇུག་པ་བྱ་དགོས། བཞི་ནི་དམངས་གཉེར་ཁེ་ལས་ཀྱི་ནང་རྐྱེན་སྟབས་བསྟུན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་ཁྱད་པར་དུ་དམངས་གཉེར་ཁེ་ལས་ཀྱི་རང་བདག་ཐབས་ཇུས། སྟབས་བདེའི་ཐབས་ཇུས་གོ་རིམ། དོ་དམ་གྱི་གྲུབ་འབྲས་མཐོ་བ་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།