རྒྱལ་ཡོངས་ཀྱི་གོམས་སྲོལ་སྒྱུར་བ་དང་ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས28ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་འཚོགས་པའི་རྒྱལ་ཡོངས་ཀྱི“གོམས་སྲོལ་སྒྱུར་བ་དང་ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་། ཀྲུང་དབྱང་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལིའུ་ཆི་པའོ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་བོད་ལྗོངས་ཡན་ལག་ཚོགས་རར་ཕེབས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་དང་ལྷག་དོན་དུ་གོམས་སྲོལ་སྒྱུར་བའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་པ་དང་། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བའི་ལས་ཀར་འཕྲད་པའི་དུས་བབ་གསར་པ་དང་གནས་ཚུལ་གསར་པར་དམིགས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་ཁ་གསལ་བཟོས་པ་མ་ཟད། གོམས་སྲོལ་སྒྱུར་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

སྤེན་པ་བཀྲ་ཤིས་ཀྱིས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་འཛུགས་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གྲོང་གསེབ་ཏུ་གཞི་ཚུགས་རྒྱུར་སྐུལ་མ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་ཟབ་ཏུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་དང་དབུལ་སྒྲོལ་འགག་སྒྲོལ་ལས་འགན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཞིང་པ་མང་ཚོགས་ཀྱི་བསམ་པའི་དོན་དངོས་དང་འབྲེལ་བ་བྱས་ཏེ་ལས་ཀའི་གཞི་རྟེན་དང་དམ་འཛིན་བྱ་གཞི་ཡང་དག་འཚོལ་བ་དང་། ཤེས་དཔལ་བྱང་ཚད་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། གོམས་སྲོལ་སྒྱུར་བའི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རིག་རྩལ་བརྩམས་ཆོས་ལས་དམངས་སྲོལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་གྲོང་སྲོལ་དམངས་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།