ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་སློབ་གསོའི་དབུལ་སྐྱོར་ལས་དོན་སྤེལ་ནས་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་གསོའི་དབུལ་སྐྱོར་དེ་དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ཨང་དང་པོ་དང་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་བའི་གཙོ་གནད་ལས་དོན་ལ་བརྩིས་ཏེ།  ཕྱོགས་ཡོངས་ནས་སློབ་གསོའི་དབུལ་སྐྱོར་ལས་དོན་སྤེལ་ནས་དབུལ་ཕོངས་སློབ་མ་སློབ་གྲྭར་འགྲོ་ས་ཡོད་པ་དང་སློབ་གྲྭ་ཡག་པོར་འགྲོ་བའི་གནད་དོན་དང་།  མཐོ་རིམ་སློབ་འབྲིང་དང་སློབ་ཆེན་ལ་རྒྱུགས་འཕྲོད་མེད་པའམ་རྩལ་ནུས་མེད་པའི་དབུལ་ཕོངས་སློབ་མས་མུ་མཐུད་རྩལ་ནུས་སྦྱོང་བ་དང་སློབ་སྦྱོང་བྱེད་རྒྱུའི་གནད་དོན་ཐག་གཅོད་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་ཕོངས་སློབ་མའི་ཆ་འཕྲིན་གྲངས་གཞིའི་མཛོད་བཙུགས་ཏེ།  སློབ་ན་མ་སོན་གོང་གི་སློབ་གསོ་དང་རྨང་གཞིའི་སློབ་གསོ།  མཐོ་རིམ་སློབ་འབྲིང་།  ལས་རིགས་སློབ་གསོ།  སློབ་ཆེན་སོགས་དུས་རིམ་ཁག་ཏུ་དབུལ་ཕོངས་སློབ་མར་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་སྤེལ་བ་དང་།  ཡིགས་ཚགས་དང་གཱ་བཟོས་བའི་དབུལ་ཕོངས་སློབ་མར་སློབ་གྲྭའི་རོགས་སྐྱོར་ཚད་གཞི་བཟོས་ནས་དབུལ་ཕོངས་སློབ་མའི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་གསོ་ཆ་འཕྲིན་ཅན་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་བྱ་ཐབས་དང་།  སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་འཁྲིད་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་ཇུས་གཞི་བཏོན་པ་མ་ཟད་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་ཚན་གྱི་བྱེད་སྒོ་སྤེལ་ནས།  དགེ་འོས་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་པ་དང་ཆབས་ཅིག  དགེ་རྒན་གྱི་སྤེལ་རེས་ལས་ཀའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དགེ་རྒན་དཔུང་ཁག་སྤྱི་ཡོངས་ཀྱི་སློབ་འཁྲིད་ཆུ་ཚད་མཐོ་རུ་བཏང་སྟེ།  དབུལ་ཕོངས་སློབ་མས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་བྱས་པ་རེད།
       ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་ལས་རིགས་སློབ་གསོ་གོང་འཕེལ་ཤུགས་ཆེ་གཏོང་བ་དང་ལས་རིགས་རྩལ་ནུས་ཀྱི་སྦྱོང་བརྡར་སྟེགས་བུ་སྐྲུན་ཏེ།  མཐོ་རིམ་སློབ་འབྲིང་དང་སློབ་ཆེན་ལ་རྒྱུགས་འཕྲོད་མེད་པའི་དབུལ་ཕོངས་སློབ་མ་ཚང་མ་ལས་རིགས་ལག་རྩལ་སློབ་གསོའི་ནང་བཅུག་ནས་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བྱས་པ་མ་ཟད།  ཆེད་ལས་བཀོད་སྒྲིག་ལེགས་འདེམས་བྱེད་པ་དང་ཆེད་ལས་ལག་རྩལ་དགེ་རྒན་ལ་སྦྱོང་བརྡར་སྤྲོད་པ།  སློབ་ཚན་ལེགས་སྒྲིག་བྱེད་པ།  དུས་ཐུང་སྦྱོང་བརྡར་འཛིན་གྲྭ་གཉེར་བ་སོགས་བརྒྱུད་དབུལ་ཕོངས་སློབ་མས་ལག་རྩལ་སྣ་གཅིག་ཤེས་ཐུབ་པ་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།