བོད་ལྗོངས་ཀྱིས་ད་ལོར་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ཁ་གསབ་མ་དངུལ་སྒོར་ཁྲི3390རྩིས་སྤྲོད་བྱས་ཏེ་དུས་མཉམ་ལས126%འཕར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། བོད་ལྗོངས་ནོར་སྲིད་ཐིན་གྱིས་གྲོང་ཁྱེར(ས་ཁུལ)སོ་སོའི་ནོར་སྲིད་ཅུའུ་ལ2017ལོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་མ་དངུལ་སྒོར་ཁྲི3390རྩིས་སྤྲོད་བྱས་ཏེ2016ལོའི་དུས་མཉམ་དང་བསྡུར་ན126%འཕར་ཡོད། ད་ལྟའི་བར་དུ་བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མཐོང་ཆེན་གནང་སྟེ། སྔ་གཞུག་ཏུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ནས། བོད་ལྗོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་གཞི་རིམ་གྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྣེ་ཁྲིད་བྱས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ནོར་སྲིད་ཐིན་གྱིས་གྲོང་ཁྱེར(ས་ཁུལ)སོ་སོའི་ནོར་སྲིད་ཅུའུ་ལ2017ལོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་མ་དངུལ་སྒོར་ཁྲི3390རྩིས་སྤྲོད་བྱས་ཤིང་། དེའི་ཁྲོད་མ་དངུལ་སྒོར་ཁྲི1890ནི2017ལོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་ཐེངས་གྲངས་ཀྱི་ཁ་གསབ་ཡིན་པ་དང་། མ་དངུལ་སྒོར་ཁྲི1500ནི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་མ་དངུལ་ཡིན།

བོད་ལྗོངས་རིག་གནས་ཐིན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་བོད་ལྗོངས་ཀྱི་གཞི་རིམ་རིག་གནས་བྱ་བའི་རྐང་འཛིན་རུ་ཁག་ཡིན་ཏེ། 2014ལོར་བོད་ལྗོངས་ཀྱི་རྫོང74རུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས། ཉེ་བའི་ལོ་འགའི་རིང་ལ་གྲོན་དངུལ་འགན་སྲུང་ཐུབ་པ་ལས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པའི་གླ་ཕོགས་དང་བྱ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ལམ་ལུགས་ཀྱི་ཕྱོགས་ནས་བོད་ལྗོངས་ཀྱིས“དངུལ་གཏོང་རྣམ་པ་བཞིའི”ལམ་ལུགས་བཙུགས་ཏེ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་ཀྱི་ནོར་སྲིད་ཀྱིས་ཁ་གསབ་ཙམ་བྱ་རྒྱུ་དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པས་རང་སྟེང་ནས་གྲབས་གསོག་ཙམ་བྱེད་པའི་དངུལ་གཏོང་ལམ་ལུགས་བཙུགས་ནས། 2009ལོ་ནས་བཟུང་བོད་ལྗོངས་ཀྱི་ཁ་གསབ་མ་དངུལ་དེ་ཚོགས་པ་རེར་སྒོར་ཁྲི5རེ་ཁ་གསབ་བྱེད་པ་ནས་སྒོར་ཁྲི20བར་ཇེ་མཐོར་བཏང་བ་དང་། དེ་ལས་ས་ཁུལ་དང་གྲོང་ཁྱེར་རྫོང་ཆུས་བཅས་རིམ་པ་གཉིས་ཀྱི་ནོར་སྲིད་དང་བསྟུན་པའི་དངུལ་གཏོང་ཐད་ཀྱི་བླང་བྱ་ཇེ་གསལ་དུ་བཏང་བ་རེད།

2016ལོར། རྫོང་སོ་སོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཁ་གཏད་འཇལ་དགོས་པའི་དཀའ་ཁག་གསར་བ་དང་གནད་དོན་གསར་བ་ཐག་བཅད་དེ། འཁྲབ་སྟོན་པའི་གླ་ཕོགས་ཇེ་མཐོར་གཏོང་རྒྱུ་དང་། རིག་རྩལ་གསར་རྩོམ་འཁྲབ་སྟོན་བྱ་བར་སྐུལ་འདེད་གཏོང་ཆེད། རྟོག་ཞིབ་ཟབ་མོ་དང་རིགས་སྒྲུབ་གང་མང་བྱས་པའི་རྨང་གཞིའི་སྟེང་། བོད་ལྗོངས་ནོར་སྲིད་ཐིན་དང་རིག་གནས་ཐིན་གྱིས་མཉམ་འབྲེལ་སྒོས《བོད་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྤྱི་ཕན་རང་བཞིན་གྱི་འཁྲབ་ཐེངས་ཁ་གསབ་དོ་དམ་གནས་སྐབས་ཀྱི་བྱེད་ཐབས》པར་སྐྲུན་འགྲེལ་སྤེལ་བྱས་ཤིང་། དེ་ལས“དངུལ་གཏོང་རྣམ་པ་བཞི”ཡི་སྔར་ཡོད་ཁ་གསབ་གྲོན་དངུལ་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་། འཁྲབ་སྟོན་ལ་གཟེངས་བསྟོད་རང་བཞིན་གྱི་ཁ་གསབ་བྱེད་ཐབས་བེད་སྤྱད་དེ། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གྲོན་དངུལ་ལ་རྒྱབ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 《བྱེད་ཐབས》ལྟར་ན། འཁྲབ་ཐེངས12ལས་བརྒལ་བའི་རྨང་གཞིའི་སྟེང་འཁྲབ་ཐེངས་རེར་ཁ་གསབ་མ་དངུལ་སྟེར་རྒྱུ་རེད།

རྒྱུས་ལོན་ལྟར་ན། ཕན་ནུས་ལྡན་པའི་སྲིད་ཇུས་སྣེ་ཁྲིད་འོག2016ལོར་བོད་ལྗོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གསར་རྩོམ་དང་འཁྲབ་སྟོན་བྱ་བར་སྐུལ་འདེད་ཆེན་པོ་ཐེབས་ནས། གཞི་རིམ་གྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས། བསྡོམས་རྩིས་བྱས་པ་ལྟར་ན། 2016ལོར་ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལེ་ཚན1164གསར་རྩོམ་བྱས་ཏེ་འཁྲབ་སྟོན་ཐེངས6334བྱས་ཤིང་། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། གཞི་རིམ་གྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།