བོད་ལྗོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ72ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4པའི་ཚེས10ཉིན་ལྷ་སར།  བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་ལས་དོན་པ20དགེ་ཕྲུག་ཐོན་ཏེ་སློབ་རྒྱུད་མཐར་ཕྱིན་ལག་ཁྱེར་ཐོབ་ནས།  རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་གྱི་ཁག་ལྔ་པའི་རྒྱུན་འཛིན་པར་གྱུར་བ་རེད།  ད་ཆ་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ72ཟིན་གྱི་ཡོད།

སྤྱི་ལོ1990ལོར་འཕྲོད་བསྟེན་པུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག  ཀྲུང་ལུགས་གསོ་རིག་དང་སྨན་རྫས་རིགས་གཅིག་མཁས་ཅན་རྒན་གྲས་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་རྣམ་གྲངས་ལག་བསྟར་བྱས་པ་རེད།  རང་ལྗོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་རྒྱུན་འཛིན་པས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་སར་ལོ་གསུམ་སློབ་སྦྱོང་བྱེད་དགོས་པ་དང༌།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་བསམ་བློ་དང་ནད་ཐོག་སྨན་བཅོས་ལག་རྩལ་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས་མ་ཟད་གསར་གཏོད་ཐུབ་པ་བྱེད་དགོས་ཀྱི་ཡོད།

ཐེངས་འདིའི་རྒྱུན་འཛིན་པ་ཉི་ཤུ་ཚང་མ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོ་ནས་ཡོང་བ་ཤ་སྟག་ཡིན་པ་དང་།  དེའི་ནང་ནས་མི་གཉིས་ལ་ཁྲེན་ཏུ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་སློབ་ཆེན་གྱི་འབུམ་རམས་པའི་ཡོན་ཚད་ཐོབ་ཡོད་པ་དང་མི་བརྒྱད་ལ་རབ་བྱམས་པའི་ཡོན་ཚད་ཐོབ་ཡོད་པ།  མི་གཅིག་ལ་འབུམ་རམས་རྗེས་ཀྱི་ཞིབ་འཇུག་པའི་དཔྱད་རྩོམ་དྲིས་ལན་དང་དཔྱད་དཔོགས་ཀྱི་ཚད་གཞི་ལོན་ཡོད།  རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧུའུ་ཞོལ་ཅུན་གྱིས་སྤྱི་ལོ2012ལོར་རང་ལྗོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ཀྱི་རབ་བྱམས་པ་དང་འབུམ་རམས་པའི་ཡོན་ཚད་ཐོབ་པའི་རྒྱུན་འཛིན་པ་ཐོག་མ་དེ་ཐོན་ཡོད་ཅེས་གསུངས་པ་རེད། 

ཉེ་བའི་ལོའི་རིང་རྒྱལ་ཁབ་ཀྱིས་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་མ་དངུལ་སྒོར་དུང་ཕྱུར1.3བཏང་ནས་གཞི་རིམ་གྱི་ཁྱད་ལྡན་ཆེད་ལས་ཚན་ཁག་དང་གཞི་རིམ་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་པའི་རྒྱུན་འཛིན་ལས་དོན་ཁང༌།  གཞི་རིམ་གྱི་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་རྐང་འཛིན་པའི་སྦྱོང་བརྡར་སོགས་གཙོ་གནད་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་ཡོད།  ལོ་ངོ3800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན།  ཀྲུང་ལུགས་གསོ་རིག་དང་གནའ་བོའི་རྒྱ་གར་གྱི་གསོ་རིག  གནའ་བོའི་ཨ་རབ་ཀྱི་གསོ་རིག་བཅས་ནི་འཛམ་གླིང་ཐོག་གི་སྲོལ་རྒྱུན་གསོ་རིག་ཆེ་གྲས་བཞི་ཡིན།  དེང་སྐབས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་བྱ་ཐབས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།   །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།