ད་ལོའི་ལྷ་སའི་ཞོ་སྟོན་སྤྱི་ཟླ8པའི་ཚེས21ཉིན་ནས་འགོ་ཚུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞོ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་ཀྱི་སྲོལ་རྒྱུན་ལྟར་སྤྱི་ལོ2017ལོའི་ལྷ་སའི་ཞོ་སྟོན་སྤྱི་ཟླ8པའི་ཚེས21ནས27ཉིན་བར་གཏོང་རྒྱུ་རེད།

ད་ལོའི་ཞོ་སྟོན་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་རྒྱུ་དང་།  ལྗོངས་ཐད་གཏོགས་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་དང་ལྷ་ས་ས་གཙང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་རྒྱུ་རེད།  མཐུན་སྒྲིལ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཟང་པོ།  བདེ་ཐང་དང་བདེ་སྐྱིད་ལྡན་པའི་ལྷ་ས་གསར་པ་ཞེས་པས་བརྗོད་དོན་གཙོ་བོ་བྱས་ཏེ།  སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ལུས་རྩལ།  ཡུལ་སྐོར།  འགྲེམ་སྟོན་སོགས་ཞོ་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གངས་ལྗོངས་ས་མཐོའི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འབར་བའི་རིག་གནས་སྔར་བས་དར་སྤེལ་གཏོང་རྒྱུ་དང་ཉོ་ཚོང་སྟེགས་བུ་བསྐྲུན་ཏེ།  འཛམ་གླིང་སྐྱེ་བོ་ཀུན་ལ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ།  རྣམ་པ་གསར་པ་བཅས་སྤྱན་འབུལ་ཞུས་ནས་ཞོ་སྟོན་རིང་རིག་གནས་ཀྱི་བག་ཆགས་ཐེབས་ཤུགས་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ཞོ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས།  ད་ལོའི་ཞོ་སྟོན་རིང་སྲིད་གཞུང་གི་གཙོ་གཉེར་རྣམ་གྲངས་དང་སྲིད་གཞུང་ནས་གཙོ་ཁྲིད་བྱས་པའི་ཁེ་ལས་ཐེ་ཞུགས་རྣམ་གྲངས།  ཁེ་ལས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་རྣམ་གྲངས་བཅས་རྣམ་གྲངས་ཆེ་གྲས་གསུམ་གྱི་བྱེད་སྒོ་ཁག10བཀོད་སྒྲིག་བྱས་ཡོད་ཅིང་།  འགོ་ཚུགས་མཛད་སྒོ་དང་གོས་སྐུ་བཤོམ་རྒྱུ།  ཕུལ་བྱུང་གི་ལྷ་མོའི་འཁྲབ་སྟོན།  ལྷོ་ནུབ་ཞིང་ཆེན་དང་རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་དྲུག་གི་པར་ལེན་འགྲེམ་སྟོན།  མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན།  ཚོང་འགུག་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ཚོགས་འདུ།  རྣམ་གྲངས་གཅིག་སྡུད་གན་འཇོག་མཛད་སྒོ།  སྐབས་བཅུ་གཅིག་པའི་ལྷ་ས་ནས་གནམ་མཚོ་བར་གྱི་རྐང་ཐང་བྱེད་སྒོ།  སྤུས་རྟགས་ཚོང་ཟོག་ཉོ་ཚོང་།  སྤྲོ་སྐྱིད་ཞོ་སྟོན་རྒྱས་འཛོམས་དང་།  ཞོ་དང་སྦི་རག  ཞིམ་ཟས། རོལ་དབྱངས་བཅས་ཀྱི་གཟའ་འཁོར་བྱེད་སྒོ་སོགས་ཚུད་ཡོད་ཅེས་བཤད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།