གཞི་རིམ་ཏང་འཛུགས་སྐྱོང་ལ་དེ་བས་གསོན་ཤུགས་རྒྱས་པར་བྱས་པ།

—— ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་སྐོར་གྱི་དངོས་བྲིས།    

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་སྲ་བརྟན་དུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་། ལས་དོན་སྒྲུབ་སྟངས་སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུ་སྒུལ་ནུས་ལ་བརྩི་བ། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་སྲོག་ཤིང་དུ་བྱེད་པ། ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གཙོ་རྐང་ལ་བྱེད་པ་བཅས་བྱས་ནས་བསམ་བློ་གསར་པ་དང་འདུ་ཤེས་གསར་པ་བཏོན་པ་དང་བྱ་ཐབས་གསར་པ་ལག་ལེན་བསྟར་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

“ཆབ་སྲིད་སྐྱེས་སྐར”བཏང—— ཏང་ལ་ཞུགས་པའི་ཐོག་མའི་བསམ་འདུན་ཕྱིར་དྲན་བྱེད་པ།

“ངའི་པཱ་ལགས་ཏང་ཡོན་རྒན་གྲས་ཞིག་རེད། ང་ལ་ཆུང་དུས་ནས་པཱ་ལགས་ཀྱིས་གུང་ཁྲན་ཏང་ལ་དགའ་ཞེན་གནང་ལུགས་ཟབ་མོ་ཚོར་བྱུང་བས། ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྒྱུ་ནི་ངའི་ཕུགས་བསམ་ཞིག་ཡིན”ཞེས་པའི་སྐད་ཆ་དུམ་བུ་དེ་ནི་ཟླ7ཚེས1ཉིན་མེ་ཏོག་རྫོང་དུ་ཏང་དབུ་བརྙེས་ནས་ལོ་96འཁོར་བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་ཐོག་བདེ་ཞིང་ཤང་གི་ཤང་ཀྲང་པད་མ་དགྲ་འདུལ་གྱིས་ལོ་བཅུའི་གོང་ནས་བྲིས་པའི་ཏང་ཞུགས་རེ་འདུན་ཞུ་ཡིག་སྐད་ཤུགས་ཆེན་པོས་བཀླགས་པ་ཞིག་རེད།

དེ་ཉིན། པད་མ་དགྲ་འདུལ་ཚུད་པའི་བློ་མཐུན10ལ་རྫོང་ཨུད་ཧྲུའུ་ཅི་དབང་ཏུང་གིས་སྤྲད་པའི“ཆབ་སྲིད་སྐྱེས་སྐར”གྱི་རྟེན་འབྲེལ་ཞུ་ཡིག་དང་། དྲན་རྟེན་རྟགས་མ། དེ་བཞིན《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ》གསར་རྐྱང་རག་པ་རེད། རྟེན་འབྲེལ་ཞུ་ཡིག་ཏུ་སྤྲོ་སེམས་རབ་ཏུ་འཁོལ་བའི“ཆབ་སྲིད་སྐྱེས་སྐར”གྱི་སྨོན་ཚིག་འདི་ལྟར་འཁོད་ཡོད་པ་སྟེ། “བློ་མཐུན་པད་མ་དབང་འདུས་ལགས། ཟླ7ཚེས1ཉིན་ནི་ཁྱེད་ཀྱི‘ཆབ་སྲིད་སྐྱེས་སྐར’རེད། ཁྱེད་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ནས་ལོ་10སོང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ཏང་ཞུགས་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་། ཏང་ཞུགས་རེ་འདུན་མ་བརྗེད་པ། ཏང་ཡོན་གྱི་འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ཏེ་ཏང་ཡོན་གྱི་དྭངས་གཙང་རང་བཞིན་དང་སྔོན་ཐོན་རང་བཞིན་ནམ་ཡང་སྲུང་དགོས”

མེ་ཏོག་རྫོང་གིས་ཏང་ཡོན་གྱི“ཆབ་སྲིད་སྐྱེས་སྐར”ལག་དེབ་བཟོས་ནས་རྫོང་དེའི་ཏང་ཡོན་གྱི་མིང་ཐོ་ཁོང་ཚོའི་ཏང་ཞུགས་ཚེས་གྲངས་ལྟར་བསྒྲིགས་ཏེ“ཆབ་སྲིད་སྐྱེས་སྐར”བཟོས་པ་དང་། ཏང་ཡོན་གྱི“ཆབ་སྲིད་སྐྱེས་སྐར”ཉིན་མོར“ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང”བྱེད་པ་དང་།“ཏང་ཞུགས་རེ་འདུན་བསྐྱར་དུ་ཀློག་པ” “སྐྱེས་སྐར་གྱི་ལག་རྟགས་སྤྲོད་པ” “དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞབས་འདེགས་ཞུ་བ”སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་གྱི་རང་ངོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་གང་ཐུབ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་ལ་ཐོག་མར་ཞུགས་སྐབས་ཀྱི་སྤྲོ་སེམས་དང་ངར་ཤུགས་བསྐྱར་དུ་འཕེལ་བ་བཅས་བྱས་ནས་ཁོང་ཚོའི་ཆབ་སྲིད་ཀྱི་གཟི་བརྗིད་བསམ་པ་དང་གཏོགས་ཁོངས་བསམ་པ་ཆེ་རུ་བཏང་བ་རེད།

ཞིང་དུད་དུ་ཏང་དར་བཙུགས——རྒྱུན་དུ་སུའི་ཆེད་དུ་ཡིན་པ་བསམ་བློ་གཏོང་བ།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་སྤྱི་ཚོགས་གོང་བུ་གཅིག་སྒྲིལ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པ་བྱེད་པའི་བརྟེན་ས་གལ་ཆེན་ཞིག་རེད་ལ། ལས་དོན་མཐའ་དག་གི་དོན་ལ་བབས་སའང་རེད། ན་ནིང་ཟླ་12པར་མེ་ཏོག་རྫོང་གིས“ཞིང་དུད་དུ་ཏང་དར་འཛུགས་པའི”བྱེད་སྒོ་སྤེལ་ནས“ཞིང་ཁྱིམ་དུ་བསྐྱོད་པ་དང་། དམངས་ཀྱི་གནས་ཚུལ་ཉན་པ། དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཕྱུག་པོ་ཆགས་རོགས་བྱེད་པ”སོགས་ལ་བརྟེན་ནས་ཏང་ཡོན་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”བཙུགས་ཏེ་ཏང་ཡོན་གང་དུ་ཡོད་པ་དེར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱས་པ་རེད།

“ཞིང་དུད་དུ་ཏང་དར་འཛུགས་པའི”བྱེད་སྒོའི་ནང་།“ཏང་ཡོན་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ”གཙོ་རྐང་དུ་བྱས་ནས“ཏང་དར་འཛུགས་པ་དང་། ཏང་སེམས་རྟོགས་པ། ཏང་དར་འོག་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས”དམ་འཛིན་བྱ་གཞིར་བྱས་ཏེ། དུད་ཚང་དུ་ཞབས་འདེགས་ཞུ་བར་བརྟེན་ནས་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་དབར་གྱི་ཆ་སྒྲིག་རོགས་སྐྱོར་ལ“བརྩེ་སེམས་འབྲེལ་ཐག”འཆིང་བ་དང་། ཏང་དར་འོག“གཉེན་ཉེར”ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཏང་རྩ་འཛུགས་ཀྱི་གཟུགས་བརྙན་གཏོད་པ་དང་། ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱིས་ཏང་ཡོན་ལ་དད་མོས་བྱ་ཤུགས་འཕེལ་བ་བཅས་བྱེད་པ། “དབུལ་སྒྲོལ་ཕྱུག་འགྱུར་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ”འཚོགས་ཏེ་ཞིང་འབྲོག་པར་ཕྱུག་འགྱུར་གྱི་ལམ་བུ་གཏོད་རོགས་དང་། ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད། ཏང་དང་རྒྱལ་ཁབ་ཀྱི་གསུང་སྒྲ་དང་སྲིད་ཇུས་དྲིལ་བསྒྲགས་ལས་དོན་གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ་རྩ་འཛུགས་ཀྱི་ནུས་པ་ཞན་དུ་འགྲོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

“ལས་གནས་གཅིག་ལ་འགན་འཁྲི་གཉིས”——ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་ཀར་དམ་འཛིན་བྱེད་པ།

ཏང་འཛུགས་སྐྱོང་དང་ལས་སྒོ་ཇི་ལྟར་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དེ་ནི་གཞི་རིམ་ཏང་འཛུགས་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཀའ་གནད་ཅིག་རེད།

མེ་ཏོག་རྫོང་དུ“མཆོག་ནོར”ཞིག་ཡོད་པ་སྟེ། ཏང་འཛུགས་སྐྱོང་ལས་དོན་ཐད“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་དྲ་མིག་ཅན་གྱི་དོ་དམ་རྣམ་པ་ལག་བསྟར་བྱས་པ་དེ་རེད། ཏང་འཛུགས་སྐྱོང་དང་ལས་སྒོར“མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ”མཐའ་འཁྱོངས་བྱས་ཏེ་ཚན་པའི་འགོ་ཁྲིད་ཀྱིས་ལས་སྒོའི་འགན་འཁྲི་འཁུར་དགོས་པ་མ་ཟད། ད་དུང་སོ་སོའི་ལས་གནས་དང་ལས་བགོས་འགན་འཁུར་ཚན་པའི་ཏང་འཛུགས་སྐྱོང་གི་ཐད་ཀའི་འགན་ཁུར་བའི་འགན་འཁྲིའང་འཁུར་དགོས་ཀྱི་ཡོད། ཏང་འཛུགས་སྐྱོང་ལས་སྒོ་དང་མཉམ་དུ་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་བྱེད་པ་དང་། ཏང་འཛུགས་སྐྱོང་ལས་དོན་ཐད་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས་བཟོས་ཏེ་གོང་འོག་ཚང་མར་ཁྱབ་པ་དང་། འགོ་ཁྲིད་ཀྱིས་འགོ་འཁྲིད་པ། འགན་འཁྲི་ཁ་གསལ། ལས་བགོས་ཞིབ་ཕྲ། རིམ་པ་གཅིག་གིས་གཅིག་ལ་དམ་འཛིན། རིམ་པ་རེ་རེ་བཞིན་དོན་འཁྱོལ་བཅས་ཀྱི“དྲ་མིག་ཆེན་པོ་ཅན”གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱས་ཡོད།

མེ་ཏོག་རྫོང་གི་རྫོང་ཨུད་ཧྲུའུ་ཅི་གཞོན་པ་ནོར་རྒྱས་ཀྱིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་དྲ་མིག་ཆེན་པོའི་ཏང་འཛུགས་སྐྱོང་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་བརྒྱུད། གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཏང་རྩ་འཛུགས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་ཡངས་སུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།